༢༠༡༧ ཟླ་ ༧ ཚེས་ ༧ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༢ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་ཆེད་ཕྱི་ལོ་༢༠༡༧ ཟླ་༧ ཚེས་༦ ཉིན་གྱི་དགོང་དྲོར་ཐེ་ཝན་རྒྱལ་ས་ཐེ་པེ་རུ་གོ་སྒྲིག་ཞུས་པའི་སྤྱན་རས་གཟིགས་ཀྱི་ཞི་བདེའི་མཚན་ཚོགས། ཞེས་པ་དེར་མི་གྲངས་ ༣༠༠༠ བརྒལ་བ་མཉམ་ཞུགས་གནང་ཡོད། མཚན་ཚོགས་དེ་ཐེ་ཝན་དགའ་ལྡན་ཤར་རྩེ་ནང་ཆོས་སློབ་གཉེར་ཁང་གིས་ཐད་ཀར་བརྙན་འཕྲིན་བརྒྱུད་རྒྱང་སྲིང་ཞུ་སྐབས་སིངྒ་པུར་དང་།
མ་ལེ་ཤི་ཡ་བཅས་ནས་དད་ལྡན་མང་ཚོགས་རྣམས་ཀྱིས་ཐེ་ཝན་ནས་ཐད་གཏོང་ཞུས་པའི་མཚན་ཚོགས་སོགས་ཀྱི་བརྙན་འཕྲིན་ལ་གཟིགས་ནས་དགའ་བསུའི་འཚམས་འདྲི་དང་སྦྲགས། གླུ་གར་ལ་རོལ།
སྐབས་དེར་སིངྒ་པུར་ནས་བརྙན་འཕྲིན་གཟིགས་མཁན་མི་གྲངས་༨༥༠ དང་། མ་ལེ་ཤི་ཡ་ནས་མི་གྲངས་ ༣༥༠ གཟིགས་ཐུབ་པ་མ་ཟད།
གོང་གི་ཡུལ་གྲུ་གསུམ་གྱི་མང་ཚོགས་ཕན་ཚུན་དྲ་རྒྱ་བརྒྱུད་ནས་༸གོང་ས་མཆོག་གི་༸སྐུའི་འཁྲུངས་སྐར་ལ་དགའ་བསུའི་འཚམས་འདྲི་ཞུ་རེས་གནང་འདུག
མཚན་ཚོགས་ཀྱི་ཐོག་མའི་འཆར་གཞི་ལྟར་ན། གོང་གི་ཡུལ་གྲུ་གསུམ་གྱི་ནང་དུ་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་སྐབས་དྲ་རྒྱའི་ལམ་ནས་༸གོང་ས་མཆོག་གི་བཀའ་སློབ་ཐད་གཏོང་ཞུ་རྒྱུའི་ལས་རིམ་བང་སྒྲིག་ཡོད་ཀྱང་ལ་དྭགས་ཁུལ་དུ་དྲ་རྒྱའི་མཐུན་འགྱུར་ཞན་པར་བརྟེན། གོ་སྒྲིག་ཞུ་མ་ཐུབ། འོན་ཀྱང་ཞལ་པར་བརྒྱུད་༸གོང་ས་མཆོག་གིས་ཡུལ་གྲུ་གསུམ་གྱི་དད་ལྡན་མང་ཚོགས་རྣམས་ལ་བཀའ་སློབ་སྩལ་གནང་མཛད།
འཁྲུངས་སྐར་མཚན་ཚོགས་དེའི་སྐུ་མགྲོན་གཙོ་བོར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་དང་། དགའ་ལྡན་ཤར་རྩེའི་མཁན་ཟུར་རིན་པོ་ཆེ་སོགས་མགྲོན་འབོད་ལྟར་ཕེབས། འཁྲུངས་སྐར་དུས་ཆེན་གྱི་མཚན་ཚོགས་འདི་མཇུག་མ་བསྒྲིལ་གོང་།
མཚན་ཚོགས་གོ་སྒྲིག་ཞུ་མཁན་ནས་ཐེ་ཝན་གཞུང་ཐེ་པེ་གྲོང་ཁྱེར་མེ་གསོད་ལས་ཁུངས་ལ་༸གོང་ས་མཆོག་གི་མཚན་ཐོག་ནས་མྱུར་སྐྱོབས་རླངས་འཁོར་ཐེངས་གསུམ་པ་དེ་ཞལ་འདེབས་གནང་ཡོད་པ་དང་། མྱུར་སྐྱོབས་རླངས་འཁོར་སྟེང་ཏཱ་ལའི་བླ་མ་ཨང་ ༣ ཞེས་འཁོད་ཡོད་པ་མ་ཟད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་རྟགས་ཀྱང་འཁོད་ཡོད།
མཚན་ཚོགས་མཇུག་བསྒྲིལ་སྐབས་ཚོགས་ཞུགས་ཡོངས་སྐུ་བཞེངས་ཐོག་སྤྱིར་འཛམ་གླིང་ཞི་བདེ་དང་། སྒོས་སུ་བོད་ལ་རང་དབང་སླར་གསོ་མགྱོགས་ནས་མྱུར་དུ་ཡོང་ཐུབ་པ། དེའི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་དང་། དེ་བཞིན་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་ཕོ་མོ་འདས་སོན་ཡོངས་ལ་བསྔོ་སྨོན་གནང་ཡོད་པ་བཅས།།