མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་ནས་བོད་དོན་ཉན་ཞིབ་གནང་བ།

༢༠༡༧ ཟླ་ ༧ ཚེས་ ༡༣ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༢ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་ Tom Lantos Human Rights Commission གིས་བོད་དོན་ཉན་ཞིབ་གནང་འདུག   དེ་ཡང་ཉན་ཞིབ་སྐབས་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་ Jim McGovern  མཆོག་དང་རན་ཌི་ཧཆ་གེརེན་ Randy Hultgren མཆོག་རྣམ་གཉིས་དབུ་བཞུགས་ཐོག  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གཤེགས་ནས་ལོ་ཧྲིལ་པོ་གཉིས་འཁོར་བའི་དུས་ཚིགས་དང་སྟབས་བསྟུན། ཐེངས་འདིར་གཙོ་བོ་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་སུན་གཙེར་ཇི་ལྟར་བཟོས་དང་བཟོ་བཞིན་པའི་ཛ་དྲག་གནས་སྟངས་སྐོར་ཡིན་འདུག

སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབས་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་།  སྐུ་འབུམ་དགོན་པའི་མཁན་ཟུར་ཨ་ཀྱ་རིན་པོ་ཆེ་མཆོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག  དེ་བཞིན་བོད་དོན་ཐོག་མཁས་པ་སྐུ་ཞབས་ཊོཌ་སི་ཊེན་ Todd Stein  ལགས་སོགས་ཕེབས་འདུག

ཉན་ཞིབ་སྐབས་ཐོག་མར་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་རན་ཌི་ཧཆ་གེརེན་ Randy Hultgren མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྤྱི་དང་། དམིགས་བསལ་ཆོས་དད་རང་དབང་གི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གཙོ་འདོན་གནང་ནས་ཉན་ཞིབ་དབུ་འཛུགས་གནང་འདུག   པཎ་ཆེན་ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་དང་།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་སྐུ་གྲོངས་སྟངས་ཀྱི་ཐད་དོགས་གཞི་ཆེ་བའི་གནས་སྟངས་ཁག་ངོ་སྤྲོད།  གསེར་རྟ་བླ་རུང་སྒར་གཏོར་བཤིག་བཏང་དང་གཏོང་བཞིན་པའི་གནས་སྟངས།  བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུད་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་སྐོར།   དེ་བཞིན་བོད་མི་ཆབ་སྲིད་བཙོན་པ་རྣམས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་སྐོར་ཉན་ཞིབ་གནང་འདུག

ཉན་ཞིབ་གོ་སྒྲིག་གནང་མཁན་སྐུ་ཚབ་དོན་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཡིན་འདུག  དེ་ཉིན་ཕྱེད་ཡོལ་དུ་ཨ་རིའི་རྒྱལ་ཡོངས་མང་གཙོ་སྲུང་སྐྱོབ་ཚོགས་པའི་ National Endowment for Democracy ཚོགས་ཁང་དུ་ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་མཚན་ཐོག་ནས་སྙིང་སྟོབས་ཅན་གྱི་གཟེངས་རྟགས་དེ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འཐབ་རྩོད་གནང་མཁན་ད་ལྟ་རྒྱ་ནག་གི་བཙོན་དུ་ཡོད་པ་བཀྲ་ཤིས་དབང་ཕྱུག་ལ་གནང་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེག་གྷོ་ཝན་ Jim McGovern  མཆོག་དང་། ཀལ་གྷི་རིཤ་མན་ Carl Gershman མཆོག   དེ་བཞིན་ཚོགས་པའི་འགན་འཛིན།  གཞན་ཡང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་ཁོང་གི་ཚ་མོ་ཉི་མ་ལྷ་མོ་ལགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སྐུ་ཞབས་མེ་ཐིའུ་མེ་ཁ་ཆི་ Matteo Mecacci མཆོག  སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་བཅས་ཕེབས་ནས་གསུང་བཤད་གནང་འདུག

ཕྱོགས་མཚུངས་ཕྱི་ཚེས་ ༡༡ ཉིན་ཨ་རིའི་རྒྱ་ནག་ནང་གི་ཆོས་དད་རང་དབང་སྲུང་སྐྱོབ་ཚན་པའི་བཞུགས་གྲལ་གོར་མོའི་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག་པ་དང་།  སྐབས་དེར་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་སྲུང་སྐྱོབས་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་དགོན་སྡེ་ཁག་གཏོར་བཤིག་བཏང་བ་དང་ཆོས་བྱེད་གྲྭ་བཙུན་རྣམས་ཀྱི་ཞལ་གྲངས་ཚད་གཞི་ངེས་ཅན་བཟོས་ནས་དམ་བསྒྲགས་བྱེད་བཞིན་པ།  པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་ད་བར་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས། བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གི་ལམ་ནས་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་གདོང་ལེན་གནང་བཞིན་པ།  ཞིང་གཤེགས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གི་སྐོར།  བོད་མིའི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་ཐད་རྒྱ་ནག་གཞུང་གིས་ཐེ་བྱུས་བྱེད་བཞིན་པའི་སྐོར་གསལ་བཤད་མཐིལ་ཕྱིན་པ་གནང་འདུག་པ་བཅས།།

Share with your friends










Submit