མདུན་ཤོག » གསར་གནས། »

སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་གྱིས་ཨ་རི་དང་སྦར་སེལ་ནང་བོད་དོན་རྒྱབ་སྐྱོར་མུ་མཐུད་ཡོང་སླད་ཞུ་སྐུལ་ལས་འགུལ་རྒྱ་ཆེ་སྤེལ་བ།

༢༠༡༧ ཟླ་ ༧ ཚེས་ ༡༧ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དབུ་དཀར་ཚར་སྐལ་རྡོར་ལགས་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༩ ནས་ ༡༦ བར་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་དང་ཨ་རིའི་རྒྱལ་ས་ལྦ་ཤིང་ཊོན་གཉིས་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད།

དེ་ཡང་སྦར་སེལ་ནང་ཡུ་རོབ་གྲོས་ཚོགས་ཀྱི་ལས་བྱེད་རྒན་གྲས་ཁག་གཅིག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཆར་སྣང་ངོ་སྤྲོད་ཞུས་པ་མ་ཟད།  འཆར་སྣང་དེ་ནི་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ལས་གཞི་གཞན་དང་འདྲ་བར་ཕྱི་ནས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་འོག་རྒྱུན་སྐྱོང་བྱེད་དགོས་སྟབས།   རོགས་རམ་དེ་དག་མུ་མཐུད་མཇུག་སྐྱོང་གནང་དགོས་པའི་རེ་འདུན་ཤུགས་ཆེ་ཞུས་འདུག

སྐབས་དེར་མཇལ་འཕྲད་དང་ཚོགས་འདུ་གོ་སྒྲིག་ཞུ་མཁན་སྦར་སེལ་སྐུ་ཚབ་དོན་ཁང་གི་སྐུ་ཚབ་དོན་གཅོད་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་དང་།   ལོན་ཌོན་དུ་རྟེན་གཞི་བྱས་པའི་བོད་ཀྱི་ཐེབས་རྩ་ཁང་གི་ལས་བྱེད་སོགས་ཀྱང་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་དང་ལྷན་ཕེབས་འདུག

གཞན་ཡང་ཕྱི་ཚེས་ ༡༣ ནས་ ༡༦ བར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་དང་ལྷག་པར་ཨ་རིའི་གྲོས་ཚོགས་གོང་མའི་སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་ཚོགས་མི་སོགས་དང་མཇལ་འཕྲད་ཞུས་ཡོད།  དེ་ཡང་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༡༨།༢༠༡༩ ལོའི་ལོ་འཁོར་སྔོན་རྩིས་གཏན་འབེབས་གནང་རྒྱུ་ཡིན་འདུག

སྐབས་དེར་དབུ་དཀར་འཚང་སྐལ་རྡོར་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་འཐབ་བྱུས་ངོ་སྤྲོད་དང་། བོད་མིའི་སྤྱི་ཚོགས་ཁྲོད་ཨ་རིའི་གཞུང་གིས་རོགས་དངུལ་གནང་བའི་ལས་གཞི་ཁག་ངོ་སྤྲོད་དང་། ཨ་རིའི་གཞུང་གིས་བོད་མི་ཚོར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་མ་ཟད། USAID དང་ PRM རོགས་ཚོགས་གཉིས་ཀྱི་ལས་བྱེད་རྒན་གྲས་ཁག་གཅིག་དང་མཇལ་འཕྲད་གནང་འདུག  ཚོགས་འདུ་གོ་སྒྲིག་གནང་མཁན་ཨ་རི་བོད་ཀྱི་སྐུ་ཚབ་དོན་ཁང་ཡིན་འདུག་པ་བཅས།།

Share with your friends










Submit