མདུན་ཤོག » གསར་གནས། »

ལིའུ་ཞའོ་པོ་དམ་པ་དང་བོད་དོན་དབར་གྱི་འབྲེལ་བ་བྱུང་སྟངས་དྲན་གསོ་དང་སྦྲགས་མྱ་ངན་གུས་འདུད་ཞུས་པ།

Share with your friends










Submit
༢༠༡༧ ཟླ་ ༧ ཚེས་ ༡༦ རེས་གཟའ་ཉི་མ།

༄༅།  །འདི་གར་ཨ་རི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་བ་ ༧ ཚེས་ ༡༥ ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་རྒྱ་གྲོང་ Flushing དུ་སྐུ་ཞབས་ལིའུ་ཞའོ་པོ་ལ་མྱ་ངན་རྗེས་དྲན་ཞུ་བའི་ཚོགས་ཆེན་ཐོག  བྱང་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་། ནིའུ་ཡོག་དང་ནིའུ་འཇར་སི་ཁུལ་གྱི་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་སྐུ་ཚབ། ས་གནས་བོད་མི་མང་ཚོགས།  དགེ་འདུན་པ་བཅས་མི་གྲངས་བརྒྱ་ལྷག་མཉམ་ཞུགས་གནང་སྟེ།  ཕྱི་ལོ་ ༢༠༡༠ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དང་།  བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ལིའུ་ཞའོ་པོ་དགོངས་པ་རྫོགས་པར་མྱ་ངན་དང་།  རྗེས་ཤུལ་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་གནང་ཡོད།

དེ་ཡང་མྱ་ངན་རྗེས་དྲན་གྱི་ཚོགས་འདུ་དེ་ནི་ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཚོགས་པ་ཐུན་མོང་ནས་གྲ་སྒྲིག་གནང་བ་ཞིག་ཡིན་པ་དང་།  ཧུ་ཕིང་(Hu Ping)དང་།  ཝང་ཏན།(Wang Dan)  ཝང་ཅུན་ཐའོ། (Wang Juntao) ཝེ་པི་ཀྲོའུ་(Wei Bizhou)སོགས་རྒྱ་རིགས་ཤེས་ཡོན་ཅན་དང་།  རྩོམ་པ་པོ།  སྒྱུ་རྩལ་བ་བཅས་མི་གྲངས་ ༤༠༠  ཙམ་མྱ་ངན་རྗེས་དྲན་གྱི་ཚོགས་འདུར་མཉམ་ཞུགས་གནང་ཡོད།

སྐབས་དེར་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་ནས་སྐུ་ཞབས་ལིའུ་ཞའོ་པོ་ཡི་འཚེ་མེད་ཞི་བའི་འཐབ་རྩོད་ཀྱི་སྙིང་སྟོབས་ལ་གདེང་འཇོག་གནང་བ་དང་འབྲེལ།  ལིའུ་ཞའོ་པོ་ཐོག་མར་བོད་པ་དང་འབྲེལ་བ་བྱུང་སྟངས་ལས་འཕྲོས་ཏེ་ལིའུ་ཞའོ་པོ་དང་བོད་དོན་དབར་གྱི་འབྲེལ་བ་དྲན་གསོ་གནང་བ་མ་ཟད།  སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལིའུ་ཞའོ་པོ་ལ་གཟིགས་པ་ཆེན་པོ་ཇི་ལྟར་མཛད་སྐོར་དང་།  བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་ནས་ཀྱང་སྐུ་ཞབས་ལིའུ་ཞའོ་པོ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་དམ་པ་ཁོང་གི་སྐུ་ཟླས་གཙོས་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་།  མྱ་ངན་གུས་འདུད་ཞུས་གནང་བའི་སྐོར་ཡང་གསུངས།

སྤྱིར་ཕྱི་ལོ་ ༡༩༨༩ ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་མང་གཙོའི་ལས་འགུལ་གྱི་འགོ་ཁྲིད་གནང་མཁན་ཧུའུ་ཕིང་དང་།  ཝང་ཅུན་ཐའོ།  ཝན་ཏན་སོགས་རྒྱ་རིགས་ཤེས་ཡོན་ཅན་ཚོས་ལིའུ་ཞའོ་པོ་ལ་རྗེས་དྲན་གྱི་གསུང་བཤད་གནང་བ་དང་། ནིའི་ཡོག་དང་ནིའུ་འཇར་སི་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ནོར་བུ་ཚེ་རིང་ལགས་ནས་ཀྱང་ས་གནས་བོད་མི་མང་ཚོགས་ཀྱི་ཚབ་གནང་སྟེ།  སྐུ་ཞབས་ལིའུ་ཞའོ་པོ་ལ་མྱ་ངན་དང་རྗེས་དྲན་དང་།  ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་སྐྱེ་ཞུས།

སྐུ་ཚབ་དོན་གཅོད་མཆོག་གིས།  ལིའུ་ཞའོ་པོ་སྐུ་ཚེ་མ་ཟིན་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ནས་སྩལ་བའི་མྱ་ངན་གསུང་འཕྲིན་ཨིན་ཡིག་ནང་སྒྲོག་སྦྱངས་དང་།

རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་ནས་རྒྱ་སྐད་ནང་སྒྲོག་སྦྱངས་གནང་རྗེས།  བོད་པའི་དགེ་འདུན་པ་རྣམས་ཀྱིས་སྐུ་ཞབས་ལིའུ་ཞའོ་པོ་གི་ཆེད་དུ་སྨོན་ལམ་གསུང་མཐར་ཨ་རི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱོགས་སྒྲིག་གནང་བའི་བརྙན་ཐུང་ཞིག་བསྟན་པ་དང་།  བརྙན་ཐུང་དེའི་ནང་ས་ཕྱོགས་གང་སར་གནས་པའི་བོད་མི་ཆོས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་དང་།  བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ལིའུ་ཞའོ་པོ་ལ་རྣམ་པ་འདྲ་མིན་ཐོག་ནས་རྗེས་དྲན་མྱ་ངན་དང་།  ཁོང་གི་སྐུ་ཟླ་ལིའུ་ཞ་ལ་གདུང་སེམས་མཉམ་སྐྱེ་གནང་བ་གསལ་འདོན་གནང་ཡོད་པ་བཅས།།

 

Share with your friends










Submit