མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

རྒྱ་གར་གྱི་མི་སེར་ལག་འཁྱེར་ཞུ་མཁན་བོད་རིགས་རྣམས་ལ་སྤེལ་བའི་གསལ་བསྒྲགས།

༢༠༡༧ ཟླ་ ༧ ཚེས་ ༥ རེས་གཟའ་ལྷག་པ།

༄༅། །འདི་གར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བཀོད་ཁྱབ་བཏང་གནས་ནང་འཁོད་དོན།

ཉེ་ཆར་འདི་གར་ཤེས་རྟོགས་བྱུང་དོན་ལ། བོད་མི་བཙན་བྱོལ་བའི་ཁོངས་ནས་རྒྱ་གར་གྱི་མི་སེར་ལག་འཁྱེར་ཞུ་མཁན་རིགས་ལ་ས་གནས་རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱི་ཕྱི་བསྐྱོད་དང་ཐོངས་མཆན་སྡེ་ཚན་ནས་གཤམ་གསལ་ཆ་རྐྱེན་ངོས་ལེན་དགོས་པ་ལམ་སྟོན་བྱེད་ཀྱི་ཡོད་འདུག་པ།

༡། རྒྱ་གར་མི་སེར་ཞུ་མཁན་རིགས་ལ་སྐྱབས་བཅོལ་ལག་ཁྱེར་ R.C དང་ཕྱིར་བསྐྱོད་ལག་འཁྱེར་སེར་པོ་ Identity Certificate in Lieu of Passport (IC) ཡོད་རིགས་ཕྱིར་རྩིས་འབུལ་ཞུ་དགོས་རྒྱུ།

༢། སྐྱབས་བཅོལ་བོད་མིའི་གཞིས་སྒར་ཁག་གི་ནང་གནས་སྡོད་བྱེད་མཁན་མ་ཡིན་པ།

༣། བོད་མིའི་སྒྲིག་འཛུགས་ CTA ནས་མཐུན་རྐྱེན་རིགས་ཞུ་སྤྲོད་མེད་པའི་དོ་བདག་གིས་ངོས་ལེན་ཡིག་ཐོག་འབུལ་དགོས་པ།

༤། བོད་མི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་སྦྱོར་སྤྲོད་ཡོད་པའི་མཐུན་རྐྱེན་དང་རོགས་སྐྱོར་རིགས་ཞུ་ལེན་བྱེད་ཀྱི་མེད་པ་དང༌། ཡོད་ཚེ་ཕྱིར་སློག་བྱས་ཟིན་ཡོད་པའི་དོ་བདག་ནས་ངོས་ལེན་ཡིག་ཐོག་འབུལ་དགོས་པ་བཅས་གསལ་ཡོད་འདུག

དེའི་སྐོར་དྭོགས་གཅོད་བྱེད་མཁན་བྱུང་ཚེ་བོད་མིའི་སྒྲིག་འཛུགས་ཀྱི་གནས་བབ་ཆ་ནས་རྒྱ་གར་གཞུང་གི་ལམ་སྟོན་ཇི་གནང་ལ་དགག་པ་ཞུ་ཐབས་མེད་པས་དེ་ལུགས་གསལ་བཤད་གནང་ཕྱོགས་དགོས་པ་དང༌། ད་ནས་བཟུང་བདེ་སྲུང་ལས་ཁུངས་ཀྱི་གཙོས་པས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གང་རུང་ནས་རྒྱ་གར་མི་སེར་ལག་འཁྱེར་ཞུ་རྒྱུར་དགག་ཆ་མེད་པའི་ངོས་སྦྱོར་ NOC གནང་མི་དགོས་པ་ཐག་གཅོད་བྱུང་བ་བཅས་ལས་ཁུངས་སོ་སོའི་ཁྱབ་ཁོངས་སུ་ཡོད་པའི་ཕྱོགས་མཐའི་སྡེ་ཚན་དང༌།

ལྷག་པར་ས་གནས་འགོ་འཛིན་ལས་ཁུངས་ཚང་མས་མཁྱེན་རྟོགས་ཐུབ་པ་བཟོ་དགོས་ཞེས་དང༌། ཁྱད་པར་དུ་རང་རེ་བོད་མི་ཡོངས་ཀྱི་རིང་ནས་སྙིང་ལ་བརྣག་པའི་བོད་དོན་བདེན་མཐའ་གསལ་མེད་ཁར། གཞིས་ལུས་བོད་མི་རྣམས་ཀྱིས་ང་ཚོར་བཅངས་པའི་རེ་བ་དང༌། ཁོང་ཚོའི་སྙིང་སྟོབས། དཀའ་སྡུག་མྱོང་བཞིན་པ།

དེ་བཞིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ན་མཐོ་བོར་ཕེབས་པ་བཅས་ཀྱི་ཉག་ཕྲ་བའི་གནས་སྟངས་ལ་བསམ་ཤེས་ཀྱིས་ད་ཆ་བཙན་བྱོལ་དུ་ལོ་ངོ་དྲུག་བཅུར་ཉེ་བའི་དུས་ཡུན་རིང་མི་རབས་འཕོ་འགྱུར་འགྲོ་བཞིན་པའི་སྐབས་འདིར་མ་འོངས་བོད་མིའི་རྩ་དོན་འཐབ་རྩོད་རྒྱུན་སྐྱོང་གནང་མཁན་ན་གཞོན་རྣམས་ནས་འཕྲལ་གྱི་ཁེ་ཕན་ཙམ་ལ་མ་བལྟས་པར་ཕུགས་བསམ་ཆེ་བཞེས་གནང་དགོས་པ་སྐབས་བབ་ཀྱི་འགན་འཁྲི་ཞིག་རང་བཞིན་ཆགས་ཡོད་སྟབས། བོད་མི་བཙན་བྱོལ་བའི་ངོ་བོ་དོར་ཐབས་མ་གནང་ན་དགེ་མཚན་ཆེ་ལུགས་སོགས་གོ་བསྐོན་སློབ་གསོ་རྒྱུན་བསྲིང་གནང་རྒྱུར་ལྷོད་གཡེང་མེད་པ་གནང་དགོས་བཅས་ཕེབས་སོང་ན་དེ་ལུགས་ཁྱབ་ཁོངས་སྡེ་ཚན་སོ་སོར་བཀོད་ཁྱབ་ལམ་སྟོན་འཕྲལ་དུ་གནང་ཕྱོགས་ཡོད་པ་དེ་དོན་དགོངས་འཇགས་ཞུ།  བཀའ་དྲུང་ཡིག་ཚང་ནས། ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༥ ལ་ཕུལ།།

 

 

Share with your friends










Submit