མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བར་མྱ་ངན་གུས་འདུད་ཞུས་པ།

༢༠༡༧ ཟླ་ ༧ ཚེས་ ༡༣ རེས་གཟའ་ཕུར་བུ།

༄༅། །རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན།  ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མྱ་ངན་གུས་འདུད་ཞུ་དོན།

སྐུ་ཞབས་ལིའུ་ཞའོ་པོ་མཆོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་གོ་ཐོས་བྱུང་བར་ང་རང་ཧ་ཅང་བློ་ཕམ་ཆེན་པོ་བྱུང་སོང་།  དམ་པ་ཁོང་སྐུ་འཚོ་བཞུགས་རིང་ངས་དམ་པ་ཁོང་གི་གནས་སྟངས་ཐོག་སེམས་འཚབ་ཆེན་པོས་དོ་སྣང་ཧ་ཅང་བྱེད་ནས་བསྡད་པ་ཡིན།   གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ངས་དམ་པ་ཁོང་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད།   དམ་པ་ཁོང་གི་སྐུ་ཟླ་ལྕམ་སྐུ་ལིའུ་ཞི་ཡ་མཆོག་ལའང་།  ཧ་ཅང་ཉག་ཕྲ་བའི་དུས་སྐབས་འདིར་སེམས་ནང་སྙིང་སྟོབས་མ་ཞུམ་པར་གནས་ཐུབ་རྒྱུའི་རེ་བ་ཞུ་རྒྱུ་ཡིན། ཞེས་གསུངས།།

 

 

 

 

Share with your friends










Submit