མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་ལ་ལ་དྭགས་ལྷོ་བྱང་བོད་མིའི་གཞིས་སྒར་བསོད་ནམས་གླིང་བོད་མི་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་པ།

Share with your friends










Submit

༢༠༡༧ ཟླ་ ༧ ཚེས་ ༧ རེས་གཟའ་པ་སངས།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  བོད་རྒྱལ་ལོ་ ༢༡༤༤ རབ་གནས་མེ་བྱ་ལོའི་བོད་ཟླ་ ༥ ཚེས་ ༢༣ དང་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༦ རེས་གཟའ་ཕུར་བུ་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལ་དྭགས་ལྷོ་བྱང་བོད་མིའི་གཞིས་སྒར་བསོད་ནམས་གླིང་བོད་མི་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༦ ནས་ ༨ བར་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་གིས་གཙོས་དགེ་འདུན་འདུས་ཚོགས་ཀྱིས་ཚེ་སྒྲུབ་གསུང་འདོན་གནང་། ཆུ་ཚོད་ ༨ ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་ཞི་བའི་ཚལ་དུ་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་དུང་རྒྱ་སྤོས་སྣེས་སྔུན་བསུས་ཏེ་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

གྲོགས་པོ་རྣམ་པ་ཚོ་ངོས་ཀྱི་སྐྱེ་སྐར་དུས་ཚིགས་འཁེལ་ཡོད། ངོས་ཀྱི་ངོ་ཤེས་གྲོགས་པོ་ཆོས་དད་ཡོད་མིན་ལ་མ་ལྟོས་པར་མི་མང་པོ་ཞིག་འཛམ་གླིང་འདིའི་སྟེང་ཡོད། གྲོགས་པོ་ཚང་མས་འཛམ་གླིང་ས་ཁུལ་འདྲ་མིན་ཁག་ལ་ངོས་ཀྱི་སྐྱེ་སྐར་ལ་དྲན་གསོ་བྱེད་ཀྱི་ཡོད། ངོས་རང་ལ་དྭགས་སླེ་རུ་སླེབ་པའི་དུས་ཚོད་འཁེལ་ཏེ་དེ་རིང་འདིར་སྐྱེ་སྐར་གྱི་རྟེན་འབྲེལ་བྱེད་བཞིན་ཡོད། ཁྱེད་རང་ཚོ་སེར་སྐྱ་མི་མང་ཆོས་ལུགས་འདྲ་མིན་དང་། ཆོས་དད་ཡོད་མེད་དབྱེ་བ་མེད་པར་ངོས་ཀྱི་སྐྱེ་སྐར་དུས་དྲན་ལ་དགའ་སྤྲོའི་རྟེན་འབྲེལ་བྱེད་རྒྱུའི་ཉིན་མོར་བརྩིས་ཏེ་འཛོམས་པ་རེད། ཁྱེད་རང་ཚོ་ཚང་མར་འཚམས་འདྲི་དང་གྲོགས་པོའི་མཛའ་བརྩེའི་བསམ་པ་ཁྱེར་ནས་འདུས་པར་ཐུགས་རྗེ་ཆེ་ཞུ་གི་ཡིན།

དེ་ནས་གཤམ་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་གནང་རྒྱུ་རེད། ངོས་ཀྱིས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོས་དེ་དེ་བཞིན་ཐུགས་སྨོན་གནང་རོགས་གནང་ཞེས་ཞུ་རྒྱུ་ཡིན། དེ་རང་ཡིན་རྗེས་ལ་སྐད་ཆ་བཤད་རྒྱུ་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་གྲུབ་མཚམས་མང་ཚོགས་ནས་རྒྱུན་ཆགས་གསུམ་པ་དང་། དཔལ་ནཱ་ལེནྡྲའི་པཎ་གྲུབ་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། ༸ཞབས་བརྟན་འཆི་མེད་བདུད་རྩིའི་དབྱངས་སྙན། བསམ་པ་ལྷུན་འགྲུབ། གསོལ་འདེབས་བར་ཆད་ལམ་སེལ། བསྟན་འབར་མ། ཐུབ་བསྟན་རིས་མེད་རྒྱས་པའི་སྨོན་ལམ་སོགས་གསུང་འདོན་གནང་རྗེས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་ཆབས་ཅིག བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སོགས་ནས་མཇལ་ཁ་ཞུ་ཡོད།  སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་མཇལ་བཅར་ཞུས་ཡོད་པ་བཅས།།

Share with your friends










Submit