མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་ལ་དྭགས་ཡུལ་མི་ཚོར་དོལ་རྒྱལ་སྐོར་བླང་དོར་བཀའ་སློབ་སྩལ་བ།

༢༠༡༧ ཟླ་ ༧ ཚེས་ ༡༣ རེས་གཟའ་ཕུར་བུ།

༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ཡེ་ཤེས་ཀུན་གྲགས་ལགས་ཀྱིས་ས་གནས་ནས་བཏང་ནས་ནང་འཁོད་དོན།   ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྡུམ་ར་མི་མང་ཕོ་བྲང་དུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། སྙིང་པོའི་དོན་གསུམ་གྱི་དམིགས་རིམ་དགའ་ལྡན་དུ་བགྲོད་པའི་ཐེམ་སྐས་བཅས་ཀྱི་བཀའ་ཆོས་དང་ཚེ་དབང་བཅས་སྩལ་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་བཀའ་དབང་སྔོན་འགྲོའི་སྒྲུབ་བཞག་གྲུབ་མཚམས་བཀའ་དབང་སྔོན་འགྲོའི་བཀའ་སློབ་སྩལ་དོན།   ཇོ་བོ་རྗེ་དཱི་པཾ་ཀ་ར་རྒྱ་གར་གྱི་ཐོག་མ་ནང་པའི་བསྟན་པ་ཤེས་སྒྲུབ་གཉིས་ཀྱི་ཐོག་ནས་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་ཕལ་ཆེར་ཏཀ་ཤི་ལ་  Taxila ཟེར་རྒྱུ་དེ་རེད་འདུག  མཁས་མཆོག་དབྱིག་གཉེན་ཕལ་ཆེར་ཏཀ་ཤི་ལར་བཞུགས་པ་དེ་འདྲ་གསུང་མཁན་འདུག   དེ་ནས་རིམ་པས་ནཱ་ལེནྡྲ་གཙུག་ལག་སློབ་ཁང་དེ་ཧ་ཅང་ཡར་རྒྱས་ཕྱིན་པ་རེད། རྩ་བའི་བཅོམ་ལྡན་འདས་ཞལ་བཞུགས་པའི་སྐབས་སུ་ནས་ནཱ་ལེནྡྲར་ཤེས་ཡོན་གྱི་བསྟི་གནས་ཆུང་ངུ་ཞིག་ཡོད་པའི་སྐད་ཆ་འདུག

དེ་དུས་རྒྱ་གར་གྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་ཚོའི་གྲས་སློབ་སྦྱོང་བྱེད་སའི་བསྟི་གནས་ཡིན་པའི་སྐད་ཆ་འདུག དེ་ནས་རིམ་བཞིན་ནང་པའི་མཁས་པ་དེ་འདྲ་མང་པོ་བྱུང་ནས་ནཱ་ལེནྡྲར་རིག་གནས་རྟེན་གཞི་ཡོད་པ་དེ་དག་རིམ་པས་ཚད་མ་རིག་པ་དང་། སྒྲ་རིག་པ་སོགས་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་དེ་ཚོའི་གྲས་དགེ་འདུན་པ་གཅིག་པུ་ཡིན་པའི་སྐད་ཆ་མི་འདུག   གང་ལྟར་ University རང་ཡིན་པ་འདྲ། དེར་བསྟན་པ་ཧ་ཅང་དར་བ་རེད། ངོས་ཀྱིས་པཎ་སྒྲུབ་བཅུ་བདུན་ཞེས་ཞུ་བཞིན་པ་དེ་དག་ལས་ཇོ་བོ་རྗེ་མ་གཏོགས་དེ་དག་ཚང་མ་ཕལ་ཆེར་ནཱ་ལེནྡྲའི་མཁས་པ་རེད།

མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་རྒྱ་སྐད་ནང་ཡོད་པ་དེ་དང་། སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལེགས་སྦྱར་སྐད་ཐོག་ད་ལྟ་འདུག   ལེགས་སྦྱར་གྱི་རྩོམ་གཞིའི་གནས་ཚད་དེ་ཧ་ཅང་མཐོ་བོ་དང་སྤུས་དག་རེད་འདུག ནཱ་ལེནྡྲའི་མཁས་པ་ཚོས་ལེགས་སྦྱར་སྐད་ཐོག་རིག་གནས་ཆེ་བ་ལྔ་དེ་ཚོའི་གྲས་ཧ་ཅང་སྦྱང་གི་ཡོད་ས་རེད།   ངོས་ཀྱིས་རྒྱ་གར་ནང་སྔར་རྒྱ་གར་གྱི་རིག་གནས་སླར་གསོ་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད།   སྔར་རྒྱ་གར་གྱི་རིག་གཞུང་བསྐྱར་གསོ་བྱ་རྒྱུའི་ནང་རིམ་པས་འགྲེལ་བཤད་བརྒྱག་རྒྱུ་དེ་བོད་ཡིག་ནང་ཡོད་པའི་འགྲེལ་བཤད་དེ་དག་གསལ་ཤོས་ཆགས་ཡོད།   བོད་ཡིག་ནང་ཡོད་པའི་དོན་དག་དེ་གོ་བ་བཟང་བ་ཡོད།

མར་འགྲེལ་བཤད་རྒྱག་སྐབས་ལེགས་སྦྱར་གྱི་རྩ་གཞུང་ཁོ་རང་ཐོག་ནས་མར་ཁྲིད་ཐུབ་པ་ཞིག་བྱུང་ན་ཞེས་འབད་བརྩོན་བྱེད་བཞིན་ཡོད། ཇོ་བོ་རྗེ་ནཱ་ལེནྡྲ་ནས་སློབ་སྦྱོང་གང་ཙམ་གནང་ཡོད་པའི་སྐད་ཆ་གོ་རྒྱུ་འདུག དེ་ནས་རྗོ་བོ་རྗེ་བྲི་ཀྲམ་ཤྲི་ལའི་མཁས་པ་ཡིན་པ་མ་ཟད། ཐུགས་འགན་བཞེས་ནས་བཞུགས་མཁན་ཞིག་ཡིན་པ་རེད།    ཇོ་བོ་རྗེ་བྲི་ཀྲམ་ཤྲི་ལ་ནས་མངའ་རིས་ཆོས་རྒྱལ་གྱིས་གདན་ཞུ་གནང་སྟེ་བོད་ལ་ཕེབས་ནས་བྱང་ཆུབ་ལམ་སྒྲོན་མཛད་པ་རེད།   ཇི་ལྟར་བསྐུལ་བ་ནང་བཞིན་སློབ་མ་བཟང་པོ་གསུང་རྒྱུ་དེ་ལྷ་བླ་མ་བྱང་ཆུབ་འོད་བོད་སྤྱི་ལ་ཕན་པའི་ལེགས་བཤད་གསུང་རོགས་གནང་ཞེས་ཞུས་པར་ལམ་སྒྲོན་མཛད་པ་རེད།

ཡུལ་པོ་ཚོས་ཡུལ་ལྷ་གཞི་བདག རྒྱལ་པོ་དང་གཙན། ཀླུ་དེ་དག་ལས་ཕྲན་ཚེགས་སྒྲུབ་རྒྱུར་ཕན་ཐོགས་ཕྲན་བུ་ཡོང་གི་ཡོད། དེ་དག་སྐྱབས་གནས་སུ་བཅོལ་ན་མ་འགྲིག་པ་རེད། ཡུལ་ལྷ་གཞི་བདག་དེ་དག་ལ་མཆོད་པ་བྱེད་ཀྱི་ཡོད་རེད། མཆོད་པ་བྱས་པ་ཙམ་ལ་སྐྱོན་གང་ཡང་མེད། འོན་ཀྱང་ཡུལ་ལྷ་གཞི་བདག་དེ་དག་སྐྱབས་གནས་དང་རྩ་ཆེན་པོ་རྩི་ནས་སྐྱབས་ཡུལ་མཐར་ཐུག་བརྩིས་ནས་ཕྱིན་པ་ཡིན་ན་ནོར་འཁྲུལ་རེད། སངས་རྒྱས་པའི་སྐྱབས་འགྲོ་བསླབ་བྱ་དང་འགལ་གི་ཡོད། དེ་ལས་འཕྲོས་ཏེ་དཔེར་ན་རྒྱལ་པོ་སྐུ་ལྔ་ཆ་བཞག་ན། འཇིག་རྟེན་པའི་དྲེགས་པ་རེད་མ་གཏོགས་འཇིག་རྟེན་ལས་འདས་པའི་སྐྱབས་གནས་ཆགས་མེད།

བླ་མ་མཆོད་པའི་ཚོགས་ཤིང་ནང་དེ་ཚོའི་གྲས་བཞག་མེད། འཇིག་རྟེན་ལས་འདས་པ་ཁོ་ན་མ་གཏོགས་མེད། གཉིས་ནས་བར་སྐབས་རྒྱལ་པོ་ཤུགས་ལྡན་ཞེས་དར་སྲོལ་ལྟ་བུ་བྱུང་བ་རེད། ཤུགས་ལྡན་ཡོང་རྒྱུ་ནི་༸གོང་ས་ལྔ་པ་ཆེན་པོའི་སྐབས་བྱུང་བ་རེད། སྤྲུལ་སྐུ་གྲགས་པ་རྒྱལ་མཚན་༸གོང་ས་ལྔ་པ་ཆེན་པོའི་སློབ་མ་རེད།  ཐུགས་བརྩེ་ཆེན་པོ་ཡོད་པ་ཞིག་རེད་འདུག   འོན་ཀྱང་ཕྱིས་སུ་རྐྱེན་དབང་ཞིག་གིས་ཐོག་ནས་སྨོན་ལམ་ལོག་པའི་དམ་སྲི་གྱུར་ནས་གྲགས་པ་རྒྱལ་མཚན་རང་ཉིད་ཀྱང་པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་དགེ་ལེགས་དཔལ་བཟང་ཡིན་པ་ཡོད། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་ངོ་མ་ཆགས་མེད་པ་༸གོང་ས་ལྔ་པ་ཆེན་པོའི་གསུང་ནང་གསལ་པོ་འདུག

སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་སྤྲུལ་སྐུ་གྲགས་པ་རྒྱལ་མཚན་རེད།  ༸གོང་ས་ལྔ་པ་ཆེན་པོས། པཎ་ཆེན་བསོད་ནམས་གྲགས་པའི་ཡང་སྲིད་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ། ཞེས་སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་མིན་ཞེས་གསུངས་ཡོད། སྤྲུལ་སྐུ་བསོད་ནམས་དགེ་ལེགས་དཔལ་བཟང་གི་ཡང་སྲིད་རྫུན་མ་ལམ་དུ་ལྷོངས་པ། སྨོན་ལམ་ལོག་པས་དམ་སྲིར་འགྱུར་ཏེ་བསྟན་དང་འགྲོ་བར་འཚེ་བ་བྱས་པ། ཞེས་གསུངས་འདུག  དེར་རྒྱུའི་ཁྱད་པར། སྨོན་ལམ་ལོག་པ། ངོ་བོའི་ཁྱད་པར།  དམ་སྲི་འབྱུང་པོ། བྱེད་ལས་ཀྱི་ཁྱད་པར།  བསྟན་པ་དང་འགྲོ་བར་འཚེ་བ་བྱེད་མཁན། འདི་ལྟར་གསུངས་ཡོད།

༸གོང་ས་ལྔ་པ་ཆེན་པོ་ཚད་ལྡན་མ་རེད་ཞེས་ལབ་ཐུབ་མཁན་ཡོད་ན། ཤུགས་ལྡན་ཡང་དག་པ་རེད་ཅེས་ལབ་ཐུབ་རྒྱུ་རེད། ༸གོང་ས་ལྔ་པ་ཆེན་པོ་ཚད་ལྡན་མ་རེད་ཅེས་བརྗོད་མི་ཐུབ་མཁན་ཞིག་གིས་༸གོང་ས་ལྔ་པ་ཆེན་པོའི་གསུང་དེར་རྩི་དགོས་རེད་མ་གཏོགས་གསུང་དེར་རྡོག་རོལ་གཏོང་ཐུབ་ཐབས་མེད། ཅེས་སོགས་དང་།

གཞན་ཡང་མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་གསུང་དོན། བར་སྐབས་ངོས་ཀྱིས་དོལ་རྒྱལ་དམ་བསྒྲགས་བྱས་ནས་ཁྱེད་རང་ཚོ་ལ་དྭགས་ཁུལ་ཡིན་ནའང་རེད། རྒྱ་གར་ནང་ཆ་བཞག་པ་ཡིན་ནའང་རེད། བསམ་པ་རྣམ་དག་བྱས་ནས་ངོས་ཀྱིས་བརྗོད་པ་དེར་ཡིད་ཆེས་བློ་བཀལ་ནས་ཚང་མས་ལག་ལེན་བཀལ་བ་རེད། འོན་ཀྱང་བར་སྐབས་དོལ་རྒྱལ་བསྟེན་མཁན་དེ་ཚོའི་གྲས་ཀྱིས་ཆོས་དད་རང་མོས་ཡོང་གི་མིན་འདུག ཅེས་སྐད་རྒྱག་གི་འདུག ཆོས་དད་རང་མོས་སྤྲད་འདུག   ངོས་ཀྱིས་དང་པོ་ནས་དོལ་རྒྱལ་བསྟེན་ན་སྐྱོན་ཡོད་རེད་བརྗོད་ཀྱི་ཡོད་མ་གཏོགས། དོལ་རྒྱལ་བསྟེན་ཆོག་གི་མ་རེད་ཟེར་གྱི་མེད། དེར་བརྟེན་དགའ་ལྡན་ལ་ལྟོས་དང་ཤར་དགའ་ལྡན་ཞེས་དོལ་རྒྱལ་བསྟེན་མཁན་ཚོས་གྲྭ་ཚང་ལྟ་བུ་ཆེ་ཐག་ཆོད་བརྒྱབ་ཡོད། དེ་སྒོ་རྒྱབ་མེད། དེ་བཞིན་སེ་རར་ཆ་བཞག་ན་སྤོམ་ར་ཁང་ཚན་གསར་པ་བརྒྱབ་ཡོད། དེ་ཆོག་གི་མ་རེད་ཟེར་མཁན་སུ་གཅིག་ཀྱང་མེད། ཆོས་དད་རང་མོས་སྤྲད་ཡོད།

དང་པོ་ཉིད་ནས་དོལ་རྒྱལ་བསྟེན་ན་སྐྱོན་ཡོད་རེད། ཅེས་ལོ་རྒྱུས་ཐོག་ནས་མར་ཞིབ་འཇུག་བྱེད་པ་ཡིན་ན་སྐྱོན་འདི་ལྟར་འདུག ངོས་ཀྱིས་བྱེད་སྟངས་འདི་ལྟར་བྱས་པ་ཡིན། འོན་ཀྱང་མི་སྒེར་སོ་སོས་ཆོས་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ཆོས་གང་བྱེད་དང་མི་བྱེད་སོ་སོའི་རང་དབང་རེད། ལྷ་འདྲེ་གང་བསྟེན་མ་བསྟེན་སོ་སོའི་རང་དབང་རེད་མ་གཏོགས་འདི་ཆོག་གི་མ་རེད་ཟེར་མཁན་མེད།

མཐའ་ན་རྒྱལ་པོ་སྐུ་ལྔ་ཆ་བཞག་ནའང་འཇིག་རྟེན་པའི་དྲེགས་པ་རེད་མ་གཏོགས་སྐྱབས་གནས་ལ་བརྩི་རྒྱུ་མེད། རྒྱལ་པོ་ཤུགས་ལྡན་ལྟ་བུར་ཆ་བཞག་ན་དེ་བས་ཀྱང་སྨོན་ལམ་ལོག་པའི་དམ་སྲི་འབྱུང་པོ་འགྲོ་བར་འཚེ་བ་བྱེད་མཁན་ཆགས་སྟབས། འདི་ཡག་པོ་ཁྱོན་ནས་མི་འདུག ཁྱེད་རང་ཚོ་མགོ་སྐོར་ཁྱོན་ནས་ཐེབས་རྒྱུ་མེད། རྒྱལ་པོ་ཤུགས་ལྡན་སོ་སོའི་སྐྱབས་གནས་ལྟ་བུ་བརྩི་ནས་བསྟེན་པ་ཡིན་ན་སྐྱེ་བ་ཕྱི་མ་འདྲེའི་འཁོར་ལ་སྐྱེ་རྒྱུའི་ཉེན་ཁ་ཡོད། མཁྱེན་སོང་ངམ། འདི་ལས་ཏཱ་ལའི་བླ་མར་སྐྱབས་སུ་འཆི་ན་ཕྲན་བུ་དྲག་གི་རེད།  ཅེས་བཀའ་སློབ་སྩལ།།

Share with your friends










Submit