ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༣ ཉིན་རྒྱ་གར་གྱི་བདེ་སྲུང་བློན་ཆེན་ཟུར་པ་དང་རྒྱ་གར་ཆབ་སྲིད་ཚོགས་པ་ Samata Party སྲོལ་གཏོད་པ་པོ་སྐུ་ཞབས་ཇོར་ཇི་ཕར་ནན་ཌེ་སི་ George Fernandes མཆོག་དགུང་གྲངས་ ༨༧ ལ་ཕེབས་པའི་འཁྲུངས་སྐར་ཁོང་གི་བཞུགས་གནས་སུ་ཁོང་གི་ཉེ་གྲོགས་དང་ཚོགས་པའི་མི་སྣ། རྒྱ་གར་གྱི་ཇ་ན་ཏ་དལ་ཆིག་སྒྲིལ་ Janata Dal United ཆབ་སྲིད་ཚོགས་པའི་སྐུ་ཞབས་ཤ་རདྡ་ཡཱ་དཝ་མཆོག བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་ཚེ་དབང་རྒྱལ་པོ་ཨརྱ་ལགས། ལྡི་ལི་བསམ་ཡང་གླིང་བོད་མིའི་ས་གནས་འགོ་འཛིན་ལེགས་སྐྱེས་རྡོ་རྗེ་ལགས་སོགས་དང་ལྷན་དུ་སྲུང་བརྩི་ཞུས་འདུག
སྐབས་དེར་ལྡི་ལི་དོན་ཁང་གི་དྲུང་ཆེས་དཔལ་ལྡན་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱངས་དང་། ལྡི་ལི་བསམ་ཡང་གླིང་བོད་མིའི་ས་གནས་འགོ་འཛིན་གྱིས་གཙོས་ལྡི་ལི་ཁུལ་དུ་ཚོགས་སྡེ་ཁག་ནས་ཁོང་གིས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གཡོ་བ་མེད་པར་གནང་བར་བཀའ་དྲིན་རྗེས་དྲན་དུ་སྟོན་པའི་སྐུ་བརྙན་ཞིག་འབུལ་ཡོད་པ་བཅས།།