ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༨ ནས་ ༡༠ བར་ཉིན་གྲངས་གསུམ་རིང་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་ས་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ་རྒྱ་གར་ནང་མཐོ་རིམ་སློབ་གཉེར་འགྲིམ་བཞིན་པའི་བོད་མིའི་གཞོན་སྐྱེས་ཁག་གཅིག་ལ་འགོ་ཁྲིད་ཟབ་སྦྱོང་ཐེངས་གཉིས་པ་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡༢།༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཞོན་སྐྱེས་རྣམས་ལ་བོད་དང་འགོ་ཁྲིད་ཐོག་གསུང་བཤད་གནང་དོན། བོད་དང་འགོ་ཁྲིད་ཅེས་པ་ནི། མ་འོངས་པར་ཁྱེད་རྣམ་པས་འགོ་ཁྲིད་བྱེད་དགོས་སྟབས། འགོ་ཁྲིད་ཇི་ལྟར་བྱེད་དགོས་པ་དང་། རྣམ་པ་ཚོ་མཐོ་སློབ་འཐོན་རྗེས་སྲི་ཞུའི་ལས་བྱེད་དང་། སྤྱི་འཐུས། སྲིད་སྐྱོང་། བཀའ་བློན་སོགས་ཁྱེད་རང་ཚོའི་ནང་ནས་འཐོན་རྒྱུའི་རེ་བ་བྱེད་བཞིན་ཡོད་པར་བརྟེན། མ་འོངས་པར་བོད་ཀྱི་རྩ་དོན་དང་སྒྲིག་འཛུགས་ལ་ཕན་ཐོགས་ཀྱི་རེད་སྙམ་པའི་ཐོག་ནས་ཟབ་སྦྱོང་གོ་སྒྲིག་བྱེད་བཞིན་ཡོད།
སྔ་མོ་ཡིན་ན་འགོ་ཁྲིད་ནི་སོ་སོའི་ལུས་སྟོབས་དང་འབྲེལ་བའི་ཐོག་ནས་འགོ་ཁྲིད་ཀྱི་ཡོད། རྒྱལ་པོའི་ལམ་ལུགས་མང་ཆེ་བ་ལུས་སྟོབས་རང་གི་ཐོག་ནས་དམག་གི་ཐབས་བྱུས་དེ་འདྲ་ཡོད། འགོ་ཁྲིད་མཁན་སུ་རེད་དམ་ཞེ་ན་མདུན་ལ་ཕྱིན་ནས་འཆི་ཐུབ་མཁན། གསད་ཐུབ་མཁན། ལུས་སྟོབས་ཐོག་ནས་དབང་འཛིན་ཐུབ་མཁན་ཞིག་རེད། གལ་སྲིད་དེ་ལྟར་མེད་ན་འགོ་ཁྲིད་ཀྱི་ཆ་རྐྱེན་ཚང་གི་མེད།
དེ་ནས་ league of nation བཙུགས་དགོས་ཀྱི་འདུག དམག་འཛིང་ནས་རྒྱལ་ཁབ་ཀྱི་དཀའ་ངལ་སེལ་ཐུབ་ཀྱི་མི་འདུག league of nation བཙུགས་ནས་བཀའ་མོལ་གནང་སྟེ་འགྲིག་ཐབས་བྱེད་དགོས་འདུག གང་ལྟར་བཀའ་མོལ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་འདུག འགོ་ཁྲིད་ཀྱི་དགོས་མཁོའི་ཆ་རྐྱེན་ཏོག་ཙམ་འགྱུར་བ་ཕྱིན་པ་རེད། སྔོན་མ་ཡིན་ན་མདུན་ལ་ཕྱིན་ཏེ་དམག་བརྒྱབ་ནས་གསོད་ཐུབ་མཁན། བཏུབ་ཐུབ་མཁན། དབང་འཛིན་ཐུབ་མཁན་དེ་འགོ་ཁྲིད་ཆགས་ཀྱི་ཡོད།
དེ་འགྱུར་བ་ཕྱིན་ནས་འགོ་ཁྲིད་ཀྱི་འགྲེལ་བཤད་མང་པོ་ཡོད། འོན་ཀྱང་འགོ་ཁྲིད་ཟེར་ན་གང་རེད་ཞེ་ན་ང་རང་གི་ཉམས་མྱོང་ལ་འགྲེལ་བཤད་རན་ཤོས་ནི་འགོ་ཁྲིད་མཁན་གྱིས་འགན་འཁྱེར་ཐུབ་པ་ཞིག་དགོས་ཀྱི་ཡོད། སོ་སོས་འགན་འཁྱེར་བ་ཙམ་གྱིས་འགྲིག་གི་མེད། གཞན་ལའང་ནུས་པ་བཏོན་ཐུབ་པ་དང་། གཞན་ཡིན་ནའང་ནུས་པ་བཏོན་ནས་མཉམ་དུ་ཁྲིད་ནས་དམིགས་ཡུལ་བསྒྲུབ་ཐུབ་མཁན། འགོ་ཁྲིད་ཀྱིས་དུས་རྒྱུན་དུ་འགོ་ཁྲིད་དགོས་ཀྱི་མེད། ང་ཚོ་བོད་པའི་གནས་སྟངས་ལྟར་ཛ་དྲག་ཆགས་པའི་སྐབས་ལ་ཁོར་ཡུག་ཉམས་ཆག་གི་ཡོད་ནའང་འདྲ། སྤྱི་ཚོགས་ལ་རྙོག་གླེང་ཆེན་པོ་ཡོད་ནའང་འདྲ། གཞོན་སྐྱེས་ནང་ཐ་མག་ཉེས་ཐག་གི་ཛ་དྲག་གནས་སྟངས་ཆགས་པ་ཡིན་ན། དཀའ་ངལ་ལ་གདོང་ལེན་བྱས་ནས་འགོ་ཁྲིད་མཁན་ཞིག་འདོན་དགོས་ཀྱི་ཡོད། གདོང་ལེན་བྱེད་པར་དང་པོ་ཁོ་རང་གིས་འགན་འཁྱེར་དགོས་ཀྱི་ཡོད། གཞན་མཉམ་དུ་འཁྲིད་དགོས་ཀྱི་ཡོད། གནས་སྟངས་ཉག་ཕྲ་བའི་སྐབས་ལ་ཡིན་ནའང་རེད། ངས་འགོ་ཁྲིད་ཟེར་བ་འདི་ཨིན་ཇིའི་ཐ་སྙད་ལས་བོད་པའི་ཐ་སྙད་འདི་ཐག་ཉེ་བའི་བཟོ་འདྲ་མཐོང་གི་འདུག
དེང་དུས་འགོ་འཁྲིད་ཀྱི་ངོ་བོ་དང་ཆ་རྐྱེན་འགྱུར་བ་ཕྱིན་ཚར་པ་རེད། འགོ་འཁྲིད་ཟེར་ན་ངེས་པར་དུ་མདུན་ལ་འགྲོ་དགོས་ཀྱི་མེད། དཔེར་ན་ཨ་རི་སྲིད་འཛིན་ཡིན་ནའང་ལས་ཁུངས་ལ་བསྡད་ནས་དམག་དྲངས་ཀྱི་ཡོད། དམག་བརྒྱག་མཁན་གཞན་ཡིན་པ་རེད། དེར་བརྟེན་འགོ་འཁྲིད་ཟེར་ན་མདུན་ལ་སྡོད་མཁན་གཅིག་པུ་ལ་ཞུས་ཀྱི་མེད། འགོ་འཁྲིད་ནི་རྒྱབ་མདུན་ཟུར་གང་འདྲ་ཞིག་ནས་འགོ་འཁྲིད་ཐུབ་པ་ཞིག་དགོས་རེད།
རང་གི་མི་མང་ཚང་མ་འཁྲིད་ཐུབ་མཁན་ཞིག་དགོས་ཀྱི་རེད་མ་གཏོགས་ཁ་ནས་འགོ་འཁྲིད་པ་ཙམ་ལ་མིས་ཆ་འཇོག་བྱེད་ཀྱི་མ་རེད། དེར་བརྟེན་འཁྲིད་ཐུབ་རྒྱུའི་ཐབས་བྱུས་དང་འཆར་གཞིི་གང་འདྲ་ཞིག་བསྒྲིག་དགོས་ཀྱི་ཡོད་མེད། བཀའ་མོལ་གནང་སྟངས་དང་བསམ་བློ་འཁྱེར་སྟངས་གཞན་དང་མི་འདྲ་བ་ཞིག་དགོས་པ་ལ་འགོ་འཁྲིད་ཟེར་ན་སླ་པོ་ཞིག་མེད་པ་རེད།
འགོ་འཁྲིད་ཟེར་ན་གང་འདྲ་ཞིག་རེད་ཅེ་ན། གསར་གཏོད་པ། Creative leader དབང་ཚད་ལྡན་པ། Authoritative leader ལས་འགུལ་བ་ Activist leader བཅས་དགོས། དཔེར་ན་བོད་དོན་དང་འབྲེལ་བའི་ཐོག་ལས་འགུལ་ཆུང་ཚགས་འདྲ་མིན་སྤེལ་མཁན་རྣམས་ལ་ལས་འགུལ་བ་ཞུ་བ་དང་། དབང་ཚད་ལྒན་པའི་འགོ་འཁྲིད་ནི་དཔེར་ན་དགེ་རྒན་ལ་སོགས་པ་ལྟ་བུ། སྒང་ལ་བསྡད་ནས་བཀའ་གཏོང་མཁན་རྣམས་ལ་ཞུ་བ་དང་། ང་རང་སེམས་ལ་འཇུག་ཤོས་ནི་གསར་གཏོད་པ་ Creative leader ཡིན།
གསར་གཏོད་ཅན་གྱི་འགོ་འཁྲིད་ཞེས་པ་ནི་ཐབས་ཤེས་དང་དམིགས་ཡུལ་ཡོད་པའི་ཐོག་མི་མང་དང་མཉམ་དུ་གོ་བསྡུར་དང་བསམ་ཚུལ་བསྡུ་ལེན་གྱིས་བཟང་ངན་དབྱེ་འབྱེད་དང་རྒྱུ་མཚན་རྙེད་པའི་ཐོག་ནས་ཚང་མ་མཉམ་དུ་འཁྲིད་ཐུབ་པ་བཟོ་བ་ནི་གསར་གཏོད་འགོ་འཁྲིད་ཀྱི་ལས་འགན་ཡིན། བསམ་ཚུལ་བསྡུ་ལེན་མ་བྱེད་པར་ཐག་གཅོད་ནས་འགྲོ་བ་ཡིན་ན་ལས་དོན་སྒྲུབ་ངེས་རེད། འོན་ཀྱང་ཆ་ཚང་བ་དང་ནུས་པ་དང་ལྡན་པ་ཞིག་བསྒྲུབ་ཐུབ་ཀྱི་མ་རེད། དཔེར་ན། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་བྷུ་ཤི་མཆོག་གསར་གཏོད་ཅན་གྱི་འགོ་འཁྲིད་རེད། སྔོན་མ་དམག་ཐོག་ནས་གྲི་དང་མེ་མདའ། མེ་སྒྱོགས་འཁུར་ནས་དབང་ཆ་བེད་སྤྱོད་བྱས་ནས་འཐབ་རྩོད་བྱེད་པའི་ལམ་ཞིག་དང་། རིག་གཞུང་གིས་འཐབ་རྩོད་བཅས་གཉིས་ཀྱི་སྒང་ལ་འགྲོ་གི་ཡོད།
སྔོན་མ་དམག་ཐོག་ནས་ hard power ཡོང་གི་ཡོད། རྗེས་སུ་ soft power ཞེས་རིག་གནས་ཐོག་ནས་སེམས་འགུལ་ཐེབས་པའི་ཐོག་ནས་ཡོང་གི་ཡོད། དེ་ལས་ལྷག་ hard and soft གཉིས་ཀ་གཅིག་ཏུ་བསྡུས་ཐུབ་མཁན་གྱི་ Smart power ཡིན་པ་དང་། འདི་ལ་འགོ་འཁྲིད་མཁན་ smart leader གཅིག་དགོས་ཀྱི་ཡོད། རྣམ་དཔྱོད་བེད་སྤྱོད་བྱེད་པའི་ཐོག་ནས་དམག་མི་དང་རྒྱུ་ནོར་མེད་ནའང་འགོ་འཁྲིད་ཐུབ་མཁན་ཞིག་ལ་ཟེར་གྱི་ཡོད། མདོར་ན་འགོ་འཁྲིད་ཟེར་བ་ལ་འཆར་སྣང་དང་འཆར་གཞི་ལག་ལེན་འཁྱེར་ཐུབ་མཁན་ཞིག་དགོས། དཔེར་ན་སྔ་མོའི་འགོ་འཁྲིད་སྙན་གྲགས་ཅན་མང་པོ་ཞིག་ལ་ཁྱད་ཆོས་འདི་རྣམས་མ་ཚང་བའི་རྐྱེན་གྱིས་སྦོ་ལུག་པ་བྱུང་བའི་ལོ་རྒྱུས་མང་པོ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་།།