ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༣ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༠ ཉིན་ལི་ཐུ་ཝི་ནི་ཡའི་ Lithuania གྲོང་ཁྱེར་ཝིལ་ནི་ཡས་ Vilnius ཞེས་པའི་ནང་བོད་ཀྱི་ཐང་ Tibet Square ཞེས་པའི་མིང་བྱང་གཞུང་འབྲེལ་ཐོག་དབུ་འབྱེད་གནང་ཡོད། སྤྱིར་ལོ་བདུན་གོང་བྱང་ཡུ་རོབ་དང་བྷལ་ཊིག་ས་གནས་ཀྱི་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་ཀྱི་སྐབས་ཐང་དེར་བོད་ཀྱི་ཐང་ཞེས་མིང་བཏགས་ཡོད་ཀྱང་ད་བར་གཞུང་འབྲེལ་དབུ་འབྱེད་གནང་མེད།
དེ་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་དབུ་འཛིན་སྐུ་ཞབས་ཝཡེ་ཊིས་ཝི་དྷུ་ན་ས་ Vytis Vidunas ལགས་དབུ་བཞུགས་ཐོག་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་ཞབས་ར་མི་གི་ཇས་ Ramigijus ལགས་ཀྱིས་གཞུང་འབྲེལ་ཐོག་མིང་བྱང་དབུ་འབྱེད་གནང་འདུག
མིང་བྱང་དབུ་འབྱེད་ཀྱི་མཛད་སྒོ་དེར་ལི་ཐུ་ཝི་ནི་ཡའི་ཡུལ་གྱི་ Lithuania གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་དྲི་ཡས་ན་ཝི་ཀ་ས་ Andrius Navickas ལགས་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ནས་མཉམ་ཞུགས་གནང་ཡོད།
སྐབས་དེར་གྲོང་སྡེའི་སྤྱི་ཁྱབ་པས་གསུང་དོན། དེ་རིང་ཐང་འདིར་བོད་ཀྱི་ཐང་ཞེས་མིང་བྱང་ཐོབ་པ་འདི་དང་གཞན་ཡང་མིང་བྱང་ཁག་གཅིག་བཅས་ཀྱིས་གང་ཞིག་མཚོན་ཐུབ་ཀྱི་ཡོད་པ་བརྗོད་ན། གྲོང་ཁྱེར་འདི་ནི་མི་རིགས་དང་རིག་གཞུང་། ཆོས་ལུགས། སྐད་ཡིག་སོགས་འདྲ་མིན་འཆམ་མཐུན་ངང་མཉམ་གནས་བྱེད་སའི་ས་ཁུལ་ཞིག་ཡིན་པ་མཚོན་ཐུབ་པ་དང་། སྤྱིར་ས་ཁུལ་འདིར་བོད་པའི་སྤྱི་ཚོགས་ཤིག་མེད་ཀྱང་། ས་གནས་བོད་དོན་རྒྱབ་སྐྱོར་བ་ཚོས་དེ་རིང་བོད་ཀྱི་ཐང་ཞེས་པའི་མིང་བྱང་དབུ་འབྱེད་ཀྱི་མཛད་སྒོ་གོ་སྒྲིག་གནང་ཐུབ་པ་བྱུང་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་།
དེ་རྗེས་སྐུ་ཞབས་ཝཡེ་ཊིས་ Vytis Vidūnas ལགས་ཀྱི་གསུང་དོན། དེ་སྔ་ཕྱི་ལོ་ ༡༩༩༠ ལོར་ལི་ཐུཝི་ནི་ཡར་རང་བཙན་ཐོབ་སྐབས་འཛམ་གླིང་མི་སྣ་གྲགས་ཅན་ཁྲོད་༸གོང་ས་མཆོག་ནི་འཚམས་འདྲི་མཛད་མཁན་དབུ་ཁྲིད་ཐོག་མའི་གྲས་ཡིན། གྲོང་ཁྱེར་འདིར་ཕྱི་ལོ་ ༡༩༩༡། ༢༠༠༡། ༢༠༡༣ བཅས་༸གོང་ས་མཆོག་ཡུལ་འདིར་ཐེངས་གསུམ་ཆིབས་སྒྱུར་བསྐྱངས་གནང་མཛད་པ་མ་ཟད། ཕྱི་ལོ་ ༢༠༡༣ ལོར་༸གོང་ས་མཆོག་གིས་བོད་ཀྱི་ཐང་འདིར་དཀྱིལ་འཁོར་རབ་གནས་བཀའ་དྲིན་བསྐྱངས་གནང་མཛད་ཡོད་ཅེས་གསུང་བཤད་གནང་ཡོད།
མིང་བྱང་དབུ་འབྱེད་མཛད་སྒོ་དེར་གསར་འགོད་པ་ཚོས་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་སྟབས་དྲིལ་བསྒྲགས་རྒྱ་ཆེ་བྱུང་འདུག་པ་བཅས།།