༢༠༡༧ ཟླ་ ༦ ཚེས་ ༢༧ རེས་གཟའ་མིག་དམར།
༄༅། །ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡན་ལག་ལྷན་ཁང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡན་ལག་ལྷན་ཁང་གི་འགན་འཛིན་སྐུ་ཞབས་པིར་ཨེན་ཊོ་ནིའོ་པན་ཛེ་རི་ Pier Antonio Panzeri མཆོག་གིས། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཡོད་པ་དེར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་སྦྲགས། བོད་ཀྱི་གནད་དོན་སེལ་ཆེད་བོད་རྒྱ་གྲོས་མོལ་གང་མྱོགས་སྐྱར་གསོ་དགོས་པར་བརྟེན། རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གང་མགྱོགས་བསྐྱར་གསོ་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག
སྤྱིར་དེང་སྐབས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་མོལ་གནང་ཐེངས་ ༣༥ འགྲོ་མུས་ཡིན་ཞིང་། དེ་ཡང་ཡུ་རོབ་མཐུན་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡན་ལག་ལྷན་ཁང་གིས་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་དོན་ལྟར་ན། དེང་སྐབས་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་ཁང་ཆེ་ཤོས་སུ་གྲགས་པ་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པའི་གནད་དོན་དང་། བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་ཧ་ཅང་གཏོང་བཞིན་པ་དེར་སེམས་འཚབ་ཤུགས་ཆེ་ཡོད་པ་མ་ཟད། ཡུ་གུར་གྱི་ཆབ་སྲིད་བཙོན་པ་སྐུ་ཞབས་ཨི་ལམ་ཊོ་ཊི་དང་། ལིའུ་ཞའོ་པོ་བཅས་ཀྱི་གནད་དོན་ཐོག་ལའང་སེམས་འཚབ་ཡོད་སྐོར་བསྒྲགས་ཡོད།
དེ་ཡང་གསར་འགོད་གསལ་བསྒྲགས་དེའི་ནང་འཁོད་དོན། ང་ཚོས་རྒྱ་ནག་གཞུང་ལ་སླར་ཡང་བོད་ཀྱི་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་བསྐྱར་གསོ་ཡོང་ཐབས་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་པ་བཅས།།