མདུན་ཤོག » གསར་གནས། »

མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ཞུས་པ།

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༦ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༦ ཉིན་རྡ་ས་ལྷ་རྒྱལ་རིའི་རྟེན་མཁར་མདུན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༩ འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་ཞུས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་གཙོས་དཔལ་ལྡན་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་རྒྱུན་ལས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་རྒྱུན་ལས་བསྟན་པ་ཡར་འཕེལ་ལགས། སྤྱི་འཐུས་རྒྱུན་ལས་ཨ་ཀྲུག་ཚེ་བརྟན་ལགས། གཞན་ཆུ་སྒང་གི་རྒྱུན་ལས་རྣམ་པ། དེ་བཞིན་སེར་སྐྱ་མི་མང་སོགས་ཁྱོན་མི་གྲངས་ ༥༠ བརྒལ་བ་འཛོམས་ཡོད།

མཛད་སྒོའི་ཐོག་མར་དགེ་འདུན་པ་ཁག་གཅིག་གིས་དབུ་མཛད་ནས་བོད་བསྟན་སྲིད་ཀྱི་དཀར་ཕྱོགས་སྐྱོང་བའི་བོད་སྐྱོང་ལྷ་སྲུང་འཕྲིན་སྐུལ་དང་འབྲེལ་བསངས་གསོལ་གནད་སྨིན་གནང་བ་དང་། དེ་རྗེས་༸གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གི་སྐུ་པར་གཉིས་ལ་སྐུ་མགྲོན་རྣམ་པས་མཇལ་དར་སྒྲོན་གནང་། དེ་ནས་ཚོགས་བཅར་བ་ཡོངས་ནས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླ་བཏང་བ་དང་སྦྲགས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་སླད་ངག་བཅད་གུས་འདུད་སྐར་མ་གཅིག་རིང་ཞུས།

དེ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བློ་བཟང་ཚེ་རིང་ལགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་དོན། ད་རེས་ཀྱི་ཉིན་མོ་འདི་ནི་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་ཞེན་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱུར་པའི་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་གིས་འགོ་གཙོ་གནང་སྟེ། བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ནས་དཔའ་མཛངས་བརྟུལ་ཕོད་ཅན་གྱི་མི་སྣ་རྣམས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཆུ་སྒང་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་བཙུགས་ཏེ་མི་ལོ་ ༥༩ འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོར་ཆེད་ཕེབས་གནང་བའི་རྡ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་རྣམས་ཀྱིས་གཙོས་འདིར་ཕེབས་སྐུ་མགྲོན་རྣམ་པ་དང་། ཚོགས་བཅར་བ། མང་ཚོགས་བཅས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།

སྒྲིག་འཛུགས་འདི་ཉིད་ཀྱིས་བོད་བསྟན་སྲིད་དང་། མི་རིགས། རང་དབང་བཅས་ཀྱི་ཆེད་དཔའ་ངར་ཞུམ་མེད་ཀྱིས་དགྲ་བོར་ཕར་རྒོལ་ཡ་ལན་འཆར་སྒྲིག་སྔ་རྗེས་རིམ་པར་བཤམས་ཏེ། ཁ་གཏད་གདོང་ལེན་གྱི་ཞབས་འདེགས་རྨད་དུ་བྱུང་བ་བསྒྲུབས་ཡོད་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་བསྟན་སྲིད་ཀྱི་བདེ་ཐབས་སླད་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་མ་ཕེབས་མཐུ་མེད་བྱུང་སྐབས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་གི་ཞབས་འདེགས་རླབས་པོ་ཆེ་བསྒྲུབས་ཡོད་པ་བཅས་ལ་ད་རེས་ཀྱི་གོ་སྐབས་འདིར་བཀའ་དྲིན་རྗེས་དྲན་དང་སྦྲགས་གུས་འདུད་ཞུ་རྒྱུ་ཡིན།

ང་ཚོ་ཆབ་སྲིད་ཀྱི་བཙན་བྱོལ་དུ་གྱར་ནས་མི་ལོ་ ༥༨ ལྷག་སོང་ཟིན་ཀྱང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་ངོ་བོ་ཆ་ཙམ་ཡང་མ་ཉམས་པར་གནས་བཞིན་ཡོད་པ་ལྟར་ཇི་སྲིད་བོད་མིའི་བདེན་མཐའ་མ་གསལ་བར་དེ་སྲིད་དུ་བོད་དོན་རྩོད་ལེན་བྱ་རྒྱུ་དེ་ཡང་ནམ་ཡང་མཚམས་འཇོག་མི་བྱེད་པའི་དམ་བཅའ་བརྟན་པོར་གནས་ཡོད་པ་ནི། བོད་གཞིས་བྱེས་གཉིས་ནང་རྒྱལ་གཅེས་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་གི་རྩ་ཆེའི་ལུས་སྲོག་བློས་བཏང་གིས་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་དང་སྤེལ་བཞིན་པ་འདི་དག་གིས་གསལ་པོར་མཚོན་གྱི་ཡོད།

ཚོགས་པ་འདིའི་དབུ་ལས་ཚོགས་མི་ཡོངས་ཀྱིས་སྒྲིག་འཛུགས་འདིའི་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རླབས་པོ་ཆེ་རྣམས་ཡིད་ལ་དྲན་བཞིན་སྒྲིག་འཛུགས་འདི་ཉིད་སྲ་བརྟན་ཕུགས་འཕེར་ངང་གནས་ཏེ་བོད་མིའི་རྩ་དོན་འཐབ་རྩོད་གཙོ་གྱུར་ཐོག་ཚོགས་པའི་བྱ་གཞག་བཟང་པོ་གང་ཅིར་ལྷོད་ཡེངས་སུ་མ་སོང་བའི་ཕྱོགས་ཚང་མ་ནས་སྔར་ལྷག་འབད་བརྩོན་གནང་རྒྱུ་གནད་ཀྱི་སྙིང་པོར་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་ཞེས་བོད་མི་རྣམས་མང་གཙོའི་ལམ་བཟང་ཐོག་འཁྲིད་གནང་མཛད་ཅིང་། ད་ཆ་མང་ཚོགས་ལ་མང་གཙོ་ཆ་ཚང་གསོལ་རས་བཀའ་དྲིན་བསྩལ་བ་འདི་དག་ཇི་སྲིད་བར་མཐའ་སྐྱེལ་བྱ་རྒྱུར་སྙིང་སྟོབས་ཞུམ་པ་མེད་པ་ཞིག་དགོས་པ་ཤིན་ཏུ་ནས་གལ་ཆེ་ཡིན་པ་ལྟར།

ཆུ་སྒང་སྒྲིག་འཛུགས་འདི་ཡང་སྲ་བརྟན་ཕུགས་འཕེར་དང་། མང་གཙོའི་ངོ་བོ་ཚད་དང་ལྡན་པ་བཅས་འབྱུང་ཕྱིར་ཚོགས་པ་དེབ་སྐྱེལ་གནང་ཡོད་པ་མ་ཟད། ཆུ་སྒང་ཚོགས་པ་སྤྱི་ཡོངས་དང་། རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་། དངུལ་རྩིས་བཏང་འཛིན་བྱེད་ཕྱོགས་བཅས་ཀྱི་སྒྲིག་གཞི་ཁག་གཏན་འབེབས་ཀྱིས་གང་ཟག་གི་དབང་སྒྱུར་ལ་གཙོ་བོར་མི་བརྟེན་པར་ཁྲིམས་ཀྱིས་དབང་སྒྱུར་ཐོག་ནས་མང་གཙོ་ཡང་དག་པའི་ལམ་ཕྱོགས་སུ་བསྐྱོད་བཞིན་པ་དང་། བྱེ་བྲག་ཏུ་སྒྲིག་འཛུགས་ཀྱིས་མི་རབས་རྒན་པ་དང་། འཁོས་ཞན་རྣམས་ལ་ལེགས་གསོལ་དང་འཚོ་སྣོན། མ་འོངས་བོད་དོན་འཐབ་རྩོད་དང་། བོད་གསར་འཛུགས་སྐྲུན་གྱི་སོན་རྩ་རྣམས་ལ་སློབ་ཡོན་གྱི་མཐུན་འགྱུར་གནང་དང་གནང་བཞིན་པ་སོགས་སྒྲིག་འཛུགས་རང་ཉིད་ཀྱི་ཁྱབ་ཁོངས་ཚོར་ཕན་ཐོགས་ཙམ་དུ་མ་ཟད། བོད་མིའི་སྒྲིག་འཛུགས་སྤྱི་ལའང་དཔུང་འདེགས་སུ་འགྲོ་བའི་བྱ་གཞག་བཟང་པོ་འདི་དག་ལ་ད་རེས་དུས་དྲན་མཛད་སྒོ་འདི་དང་བསྟུན་ནས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ད་དུང་མུ་མཐུད་རྒྱུན་འཁྱོངས་གནང་རྒྱུའི་ཆོད་སེམས་བརྟན་པོ་དང་སྔར་ལྷག་འབད་བརྩོན་གནང་འོས་སུ་གལ་ཆེར་མཐོང་།

ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་ ༡༤༩ ཡིས་རང་ལུས་མེར་བསྲེགས་གནང་བ་དང་དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་ ༡༢༧ ཆགས་ཡོད། མདོར་ན་ད་ལྟའི་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་དང་། མ་འོངས་བོད་དང་བོད་མི་ཞེས་པའི་ངོ་བོ་དང་། ཆོས་དང་རིག་གཞུང་། གོམས་གཤིས་བཟང་པོ་རྣམས་དར་སྤེལ་ཡོང་ཆེད་བོད་མི་ཀུན་གྱིས་ནུས་ཤུགས་མཉམ་སྒྲིལ་གྱི་འཁུར་འགན་ཆེ་ཙམ་ལེན་དགོས་པའི་སྐུལ་མ་ཞིག་ཀྱང་ད་རེས་ཀྱི་དུས་སྐབས་འདི་དང་བསྟུན་ནས་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ནང་དབུས་རྒྱུན་ལས་ཀྱི་སྐུ་ཚབ་ཁག་ཅིག་བྱང་ཨ་རིར་སྐོར་བསྐྱོད་དང་སྦྲགས་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་སྙན་ཞུ་ཕུལ་ཐུབ་ཡོད་འདུག་པ་དང་། དེ་བཞིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་དཔོན་རིགས་རྣམས་དང་མཇལ་འཕྲད་ཀྱིས། བོད་དོན་ཞུ་གཏུག་གི་མཚོན་སྤྱི་སྨན་ལས་འགུལ་སྤེལ་ཐུབ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བསྔགས་བརྗོད་ཞུ་རྒྱུ་དང་།

ཆུ་སྒང་སྒྲིག་འཛུགས་ཀྱི་དབུས་རྒྱུན་ལས་རྣམས་རང་ཁོངས་མི་མང་གིས་འོས་བསྡུ་ཆེན་མོ་བརྒྱུད་ནས་ཡོང་བཞིན་པ་ལྟར། ད་ལམ་སྐབས་ ༢༡ པའི་ཆུ་སྒང་འོས་བསྡུ་ཆེན་མོ་དེ་ཡང་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་ཆུ་སྒང་ཚོགས་མི་ཡོད་དོ་ཅོག་ནས་འགན་ཁུར་གཙིགས་ཆེར་བཅངས་ནས་འོས་བསྡུ་ཚགས་ཚུད་དོན་ཕན་ལེགས་གྲུབ་བྱུང་ཡོད་གནས་འདུག་པར་བསྔགས་བརྗོད་བྱ་རྒྱུ་དང་། འདེམས་ཐོན་རྒྱུན་ལས་རྣམ་པས་ཀྱང་བོད་བསྟན་སྲིད་སྤྱི་དང་། ཆུ་སྒང་དབུས་སའི་འཛིན་སྐྱོང་ལ་གཞོག་འདེགས་ཆེན་པོ་ཞུ་ཐུབ་དགོས་པའི་གཞེན་བསྐུལ་བྱ་རྒྱུ་ཡིན།

གནད་དོན་གལ་ཆེ་བ་གཞན་ཞིག་ནི། བཙན་བྱོལ་བོད་མི་ཕལ་མོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བཅོལ་ཞུས་ཏེ་གནས་བཞིན་པ་ལྟར། རྒྱ་གར་ནི་བོད་མི་རྣམས་ཀྱི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རྒྱབ་སྐྱོར་རོགས་རམ་མཐུན་འགྱུར་ཧ་ཅང་རྒྱ་ཆེན་པོ་གནང་བའི་བཀའ་དྲིན་གྱི་བདག་ཉིད་ཅན་ཞིག་ཡིན་པ་ལྟར། ང་ཚོས་བཀའ་དྲིན་དེ་དག་དུས་རྟག་ཏུ་བསམ་ཤེས་ཐུབ་པའི་ངང་རང་རང་གནས་ཡུལ་གྱི་ཡུལ་མིའི་མིག་ལམ་དུ་མི་མཛེས་པ་དང་། ཐལ་ཆའི་སྤྱོད་ཚུལ་རིགས་མི་འབྱུང་བར་མཐུན་ལམ་གང་གཟབ་གནང་དགོས་པ་ད་རེས་སླར་ཡང་དུས་དྲན་སྲུང་བརྩིའི་ཉིན་མོ་འདིའི་གོ་སྐབས་བཟུང་ནས་དྲན་བསྐུལ་ནན་ཏན་ཞུ་རྒྱུར་ཚང་མས་ཐུགས་ལ་ངེས་པར་བཅངས་རོགས་གནང་ཞུ་རྒྱུ་ཡིན།

མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ཞུ་སྒོ་མཐའ་དག་ལམ་ལྷོང་ཡོང་བ་བཅས་ཀྱི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་གྲུབ་བསྟུན་མཛད་སྒོའི་མཐའ་མར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བློ་བཟང་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

Share with your friends










Submit