མདུན་ཤོག » གསར་གནས། »

མཉམ་འབྲེལ་ཁག་གི་རྩིས་པ་རྣམས་ལ་རྩིས་དང་འབྲེལ་བའི་ཟབ་སྦྱོང་གནང་བ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༦ རེས་གཟའ་ཕུར་བུ།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཐུན་མོང་གི་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ ནས་ ༡༩ བར་ཉིན་གྲངས་བདུན་རིང་སྦེང་ལོར་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་ཁང་དུ་མཉམ་འབྲེལ་ཁག་བཅོ་ལྔའི་རྩིས་པ་གྲངས་ ༡༨ ལ་དངོས་ཟོག་དང་ཞབས་ཞུའི་ཁྲལ། འབབ་ཁྲལ། དེ་བཞིན་སྔོན་རྩིས་སོགས་རྩིས་དང་འབྲེལ་བའི་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད།

ཟབ་སྦྱོང་སྐབས་ཀྱི་ཁྱད་སྟོན་མི་སྣ་ནི། སྦེང་ལོར་དུ་ཡོད་པའི་ B E Solutions Private Ltd ཞེས་པའི་བསྟི་གནས་ཁང་གི་ཆེད་ལས་པ་གྷི་རི་བྷ་པུ་པི་ Giri Babu P ལགས་དང་། མོཧ་མཏ་མོ་ཧི་ཨུ་ཏིན་ Mohammaed Mohiuddin ལགས། ས་ལྦི་ཏ་ Savitha ལགས་བཅས་དང་། དེ་བཞིན་སྦེང་ལོར་Joint Commissioner of Commercial Taxes, E-Audit ལས་ཁུངས་ཀྱི་བྷ་ས་ལྦ་ར་ཇི་ཀེ་ཨེས་Basavaraj K S ལགས། རྒྱ་གར་ཆེས་མཐོའི་རྩིས་ཞིབ་པ་ཅ་ནཱ་པ་ཨར་ནུལ་ལྦི་ Channappa R. Nulvi ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་རྩིས་དཔོན་ཐུབ་བསྟན་ཚེ་རིང་ལགས་བཅས་ཡིན་འདུག

དེ་ཡང་ཟབ་སྦྱོང་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱི་སྤྱི་ཟུར་བུ་མོ་ཚེ་རིང་ལགས། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་དང་སྤྱི་ཁྱབ་འགན་འཛིན། དེ་བཞིན་མཉམ་འབྲེལ་ཁག་གི་རྩིས་པ་དང་སྤྱི་མཐུན་མཉམ་འབྲེལ་གྱི་འགོ་ལས་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་རྣམས་ནས་སྣང་གསལ་ཞལ་ཕྱེ་དང་འབྲེལ། རྟེན་འབྱུང་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་འགན་འཛིན་གྱིས་བོད་མིའི་མཉམ་འབྲེལ་ཁག་སྤྱི་དང་། ལྷག་པར་མཉམ་འབྲེལ་ཆུང་བ་རྣམས་ལ་རྩིས་ཁྲ་དང་འབབ་ཁྲལ་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་འཛིན་སྐྱོང་སྤྱི་ཡོངས་ལ་དཀའ་ངལ་འཕྲད་བཞིན་ཡོད་སྐོར་དང་མཉམ་འབྲེལ་ཁག་གི་རྩིས་ཁྲ་དུས་ཐོག་ཉར་ཚགས་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་པར། གལ་ཏེ་རྩིས་པ་རྣམས་ལ་དགོས་ངེས་རྒྱུས་མངའ་དང་ཉམས་མྱོང་། དེ་བཞིན་དུས་ཚོད་ངེས་ཅན་གྱི་ཁྲལ་འབབ་ཐོག་ལ་གོ་རྟོགས་མ་འདང་བ་ཡིན་ན། དེའི་རྐྱེན་པས་མཉམ་འབྲེལ་ཁག་ལ་ཆད་པ་ཤུགས་ཆེ་ཕོགས་བཞིན་ཡོད་པ་མ་ཟད། སྤྱི་ཡོངས་ནས་མཉམ་འབྲེལ་ཁག་གི་རྩིས་པ་འཕོ་འགྱུར་དང་།་རྩིས་པ་གསར་པ་རྣམས་ཉམས་མྱོང་མ་འདང་བའི་དཀའ་ངལ། དེ་བཞིན་རྩིས་ཁྲ་སྒོ་བརྒྱག་རྒྱུ་དང་རྩིས་ཞིབ་སྙན་ཐོ་མཇུག་སྐྱོང་བྱེད་རྒྱུར་རྗེས་ལུས་ཐེབས་བཞིན་ཡོད་སྐོར། ཟབ་སྦྱོང་བ་རྣམས་ནས་ཟབ་སྦྱོང་སྐབས་མཉམ་ཞུགས་གང་མང་གནང་སྟེ།གཞིས་ཆགས་ཁག་ནང་དངོས་སུ་ལག་བསྟར་དགོས་སྐོར་ནན་བརྗོད་གནང་།

དེ་རྗེས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་ཚོགས་གཙོས་ཟབ་སྦྱོང་འདིའི་བརྒྱུད་རྩིས་པ་རྣམས་ནས་སོ་སོའི་ཤེས་ཡོན་ཡར་རྒྱས་གཏང་རྒྱུ་གལ་ཆེན་པོ་ཡིན་པ་ནན་བརྗོད་དང་། ཟབ་སྦྱོང་འདིའི་རིགས་ཡང་ཡང་གོ་སྒྲིག་བྱེད་རྒྱུ་མིན་སྟབས། ཟབ་སྦྱོང་བ་རྣམས་ནས་དོ་དབྱིངས་ཆེན་པོའི་ཐོག་ནས་བཀའ་འདྲི་ཞུས་ཏེ་མཉམ་ཞུགས་དགོས་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་འོག་ཟབ་སྦྱོང་འདི་གོ་སྒྲིག་གནང་ཐུབ་པར་ཐུགས་རྗེ་ཆེ་ཞུས་ཡོད།

དེ་ནས་སྐུ་མགྲོན་གཙོ་བོས་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱིས་བོད་མི་སྤྱིའི་འཚོ་རྟེན་དང་། ལྷག་པར་ཞིང་པ་རྣམས་ཀྱི་འཚོ་རྟེན་ལ་ཇི་ཙམ་གལ་ཆེན་པོ་ཡིན་སྐོར་དང་། རྩིས་པ་རྣམས་ཀྱིས་དྲང་བདེན་དང་། ཉིན་རེའི་རྩིས་ཁྲ་ཉར་ཚགས། དེ་བཞིན་དྲན་པ་བརྟན་པོ་དགོས་སོགས་སྐོར་གསུངས་གྲུབ་རྗེས་རྩིས་དཔོན་གྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང། མཐར་འདྲ་པར་མཉམ་དུ་བརྒྱབ་སྟེ་དབུ་འབྱེད་མཛད་སྒོ་གྲོལ་ཡོད།

ཐེངས་འདིའི་ཟབ་སྦྱོང་ལ་མཐུན་འགྱུར་རོགས་རམ་གནང་མཁན་ནང་སྲིད་ལས་ཁུངས་བརྒྱུད་ཨ་རིའི་རོགས་ཚོགས་ USAID ཡིན་འདུག་པ་བཅས།།

Share with your friends










Submit