མདུན་ཤོག » གསར་གནས། »

བྷར་ཛིལ་དོན་ཁང་གིས་བྱམས་བརྩེ་གོང་མཐོར་གཏོང་རྒྱུའི་ཟབ་སྦྱོང་གོ་སྒྲིག་གནང་བ།

༢༠༡༧ ཟླ་ ༦ ཚེས་ ༡༩ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༩   ནས་ ༡༡ བར་ཉིན་གྲངས་གསུམ་རིང་བྷར་ཛིལ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག  ཨ་རིའི་ཨེ་མོ་རི་མཐོ་སློབ་ཀྱིས་གཏན་ལ་ཕབ་པའི་བསླབ་གཞིའི་ཐོག་བྱམས་བརྩེ་བློ་གོང་མཐོར་གཏོང་རྒྱུའི་ཟབ་སྦྱོང་ Cognitively Based Compassion Training  ལེགས་གྲུབ་བྱུང་འདུག

དེ་ཡང་ཟབ་སྦྱོང་ལས་རིམ་གཙོ་སྐྱོང་གནང་མཁན་བླ་མ་རིན་ཆེན་མཁྱེན་རབ་ལགས་ཡིན་ཞིང་།  ཁོང་ནི་སེམས་ཁམས་རིག་པ་བ་དང་བྷར་ཛིལ་བོད་ཁང་གི་འཛིན་སྐྱོང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་མ་ཟད།  ཁུལ་དེར་སྐྱ་དགོན་པ་བཞེངས་མཁན་ཡང་ཡིན་འདུག   ཟབ་སྦྱོང་དེ་རིགས་གོ་སྒྲིག་གནང་རྒྱུའི་ཆོག་མཆན་ཡོད་མཁན་མི་གཉིས་ལས་མེད་པའི་ཁོངས་ནས་ཁོང་ནས་གཅིག་ཁོང་ཡིན་འདུག

ཟབ་སྦྱོང་དེ་ཆ་གཉིས་སུ་ཕྱེ་ནས་ཆ་དང་པོ་དེ་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༥ ཚེས་ ༢༦ དང་ ༢༧ བཅས་ཉིན་གྲངས་ཉིས་རིང་གནང་ཡོད་ཅིང་།  ཆ་གཉིས་པའི་སློབ་ཁྲིད་སྐབས་སེམས་ཁམས་རིག་པ་བ་དང་། སྨན་གྱི་ཆེད་ལས་པ་གཙོ་བོར་གྱུར་པའི་མི་གྲངས་ ༢༠ མཉམ་ཞུགས་གནང་ཡོད།

སློབ་ཚན་རྣམས་ནི་རྒོད་པའི་སེམས་ཁ་ནང་དུ་བསྡུ་ཐབས་དང་།  ཞེ་སྡང་སོགས་མི་མཐུན་ཕྱོགས་ཀྱི་བློར་གཉེན་པོ་བསྟན་ཕྱོགས།  བདག་གཞན་མཉམ་བརྗེའི་བློ་སྐྱེ་ཚུལ།  དགེ་བའི་བློ་དང་གཞན་དོན་གྱི་བསམ་པ་གོང་འཕེལ་གཏོང་ཐབས་སོགས་ཡིན་འདུག

རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་དུ་བླ་མ་རིན་ཆེན་ལགས་ཀྱིས་ཟབ་སྦྱོང་གི་ཐོག་མར་བྱམས་བརྩེའི་ངོ་བོ་དང་ཕན་ཡོན།  བྱམས་བརྩེའི་བློས་རང་ཉིད་ལུས་ཁམས་བདེ་ཐང་ལ་ཕན་ཐོགས་གང་ཡོད་སོགས་ངོ་སྤྲོད་གནང་། རེས་གཟའ་ཉི་མའི་ཉིན་ཟབ་སྦྱོང་ཉིན་མཐའ་མའི་སྐབས་ཚོགས་བཅར་བ་རྣམས་ཀྱིས་ཟབ་སྦྱོང་སྐབས་རང་ཉིད་ལ་མྱོང་ཚོར་ཇི་བྱུང་སྐོར་གསལ་བཤད་གནང་ཡོད་པ་བཅས།།

Share with your friends










Submit