མདུན་ཤོག » གསར་གནས། »

ད་ཆ་རྒྱ་ནག་ནང་དུ་བྱམས་བརྩེ་གཞི་རྩར་བཟུང་བའི་རིག་གནས་གསར་བརྗེ་ཞིག་ཡོང་སླད་འབད་བརྩོན་བྱེད་དགོས།

Share with your friends










Submit

༢༠༡༧ ཟླ་ ༦ ཚེས་ ༡༧ རེས་གཟའ་སྤེན་པ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༡༦ ཉིན་ཨ་རིའི་སན་ཌི་ཡ་གོའི་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ཏུ་༸ཞབས་སོར་འཁོད་རྗེས་རྒྱ་ནག་དང་ཉི་ཧོང་། སྦར་ཛིལ། ཕ་རན་སི་སོགས་ནས་ཁྱོན་གསར་འགོད་པ་ ༡༡༠ ལ་བཀའ་སློབ་སྩལ་འདུག དེ་ཡང་གཙོ་བོ་མགོན་པོ་གང་ཉིད་མཆོག་གིས་བྱམས་བརྩེའི་རིན་ཐང་གཞི་རྩར་བཟུང་ནས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་གོང་མཐོར་བཏང་བ་བརྒྱུད་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུ་དང་། དེ་བཞིན་རྒྱ་གར་སྲོལ་རྒྱུན་ནས་དར་བཞིན་པའི་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱ་རྒྱུའི་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་གནང་མཛད་རྒྱུ། ཕྱོགས་མཚུངས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་ད་ཆ་རྒན་ཡོལ་ཞུས་ཟིན་ཡང་བོད་ཀྱི་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་སླད་ཐུགས་བརྩོན་མུ་མཐུད་མཛད་རྒྱུའི་སྐོར་སོགས་བཀའ་སློབ་སྩལ་དོན།

བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ལ་མཚོན་ན་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་དབང་ཆ་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་འགོ་ཁྲིད་ལ་རྩིས་སྤྲོད་ཟིན་སྟབས་ད་ཆ་ངོས་རང་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་རྒན་ཡོལ་ཆ་ཚང་ཞུས་ཟིན་པ་ཡིན།  འོན་ཀྱང་ངོས་རང་ཇི་སྲིད་ནམ་གནས་ཀྱི་བར་བོད་ཀྱི་ཆོས་དང་རིག་གཞུང་། ཁོར་ཡུག་སོགས་སྲུང་སྐྱོབ་སླད་འབད་བརྩོན་བྱ་རྒྱུ་ཡིན།

བོད་ཀྱི་ཆོས་དང་རིག་གཞུང་ཟེར་བ་འདི་རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་དར་བཞིན་པའི་རིག་གཞུང་ཁྱད་དུ་འཕགས་པ་ཞིག་ཡོད་པ་ནང་པའི་རིག་གཞུང་འདི་མི་ཚོས་ལོ་ངོ་སྟོང་གཅིག་ཙམ་གྱི་རིང་གཅེས་ཉར་བྱས་ནས་བསྡད་པ་རེད།  རིག་གཞུང་འདི་ནི་བོད་མི་ས་ཡ་དྲུག་ཙམ་གྱི་ཁེ་ཕན་ཙམ་མིན་པར་འཛམ་གླིང་སྤྱི་ལ་ཕན་ཐོགས་བསྒྲུབ་ཐུབ་ངེས་ཤིག་ཡིན་སྟབས་རིག་གཞུང་འདི་བདག་པོ་རྒྱག་རྒྱུའི་ལས་འགན་ཞིག་ངོས་ལ་ཡོད།

དེ་བཞིན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་མཚོན་ན་རྒྱ་ནག་ནས་པ་ཀི་སི་ཐན་བར་རྒྱུག་བཞིན་པའི་གཙང་པོ་ཆེ་ཁག་དེ་དག་ཆུ་མགོ་བོད་ཀྱི་འཁྱག་རོམ་དེ་དག་ལ་ཐུག་ཡོད། དེར་བརྟེན་མི་འབོར་ཐེར་འབུམ་གཅིག་ལྷག་ཙམ་གྱི་འཚོ་རྟེན་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཡོད།  རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཀྱི་ཁོར་ཡུག་མི་ཉམས་སྲུང་སྐྱོབ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། འདི་བོད་པ་གཅིག་པོའི་ཁེ་ཕན་གྱི་སྐད་ཆ་ཞིག་རྩ་བ་ནས་མ་རེད། ཨེ་ཤི་ཡའི་ས་ཁུལ་གྱི་མི་འབོར་ཧ་ཅང་མང་པོ་ཞིག་དང་འབྲེལ་བ་ཡོད་སྟབས་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་དང་།

ཕྱོགས་མཚུངས་རྒྱ་ནག་ནང་གི་གནས་སྟངས་ཐོག་བཀའ་སློབ་སྩལ་དོན། དེ་སྔ་ལོ་རབས་ ༦༠།༧༠ ནང་རྒྱ་ནག་ཏུ་རིག་གནས་གསར་བརྗེ་ཟེར་བ་ཞིག་དར་བ་རེད།  འོན་ཀྱང་དེང་སྐབས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་སྤྱི་དང་ལྷག་པར་སྲིད་འཛིན་ཞི་ཅིན་པིང་ Xi Jinping གི་འགོ་ཁྲིད་འོག་དེ་སྔའི་འཐབ་རྩོད་ཀྱི་རང་བཞིན་ལྡན་པའི་རིག་གནས་གསར་བརྗེ་ལྟ་བུ་མིན་པར་བྱམས་བརྩེའི་རང་བཞིན་པའི་རིག་གནས་གསར་བརྗེ་ཞིག་ཡོང་སླད་ངེས་པར་དུ་འབད་བརྩོན་གནང་དགོས་ཀྱི་འདུག

 

དེ་འདྲ་བྱུང་བ་ཡིན་ན་འཛམ་གླིང་གི་མི་འབོར་མང་ཤོས་དང་དཔལ་འབྱོར་ཐོག་ནས་བརྗོད་ན་ཡར་རྒྱས་ཆེ་ཤོས་ཨང་གཉིས་པར་གྲགས་པ་རྒྱ་ནག་རང་ཉིད་ལ་མཚོན་ནའང་ཧ་ཅང་ཕན་ཐོགས་ཡོང་ཐུབ།  ཅེས་བཀའ་སློབ་སྩལ་བ་མ་ཟད། གསར་འགོད་པ་མི་གྲངས་ ༡༡༠ འདུ་འཛོམས་བྱུང་བ་རྣམས་ལ་འགྲོ་བ་མིའི་བཟང་པོའི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ཐད་དམིགས་བསལ་ལས་འགན་ཞིག་གསར་འགོད་པ་ཚོ་ལའང་ཡོད་སྐོར་བཀའ་སློབ་སྩལ་རྗེས་གསར་འགོད་པའི་དྲི་བར་བཀའ་ལན་སྩལ།

གསར་འགོད་ལྷན་ཚོགས་ཐོག་བཀའ་སློབ་སྩལ་གྲུབ་བསྟུན་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༥༠༠༠ བརྒལ་བར་མི་རིགས་དང་རིག་གཞུང་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱ་རྒྱུའི་མཛེས་སྡུག་ལྡན་པའི་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁེ་ཕན་སྐོར་བླང་དོར་བཀའ་སློབ་སྩལ་ཡོད་པ་བཅས།།

Share with your friends










Submit