མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་ ༢༥༠༠༠ བརྒལ་བར་བླང་དོར་བཀའ་སློབ་སྩལ་བ།

Share with your friends










Submit

༢༠༡༧ ཟླ་ ༦ ཚེས་ ༡༨ རེས་གཟའ་ཉི་མ།

པར་པ། ཇེ་རི་མི་ར་སེལ་ལགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སན་ཌི་ཡ་གོའི་གྲོང་ཁྱེར་གྱི་ཁེལ་ལི་ཕོར་ནི་ཡ་མཐོ་སློབ་ University of California San Diego ཀྱི་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༢༥༠༠༠ བརྒལ་བར་མི་རིགས་དང་རིག་གཞུང་། ཤ་མདོག སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་འདྲ་མིན་ཡོད་པ་རྣམས་འཆམ་མཐུན་ངང་འཚོ་གནས་བྱ་རྒྱུའི་མཛེས་སྡུག་ལྡན་པའི་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁེ་ཕན་སྐོར་བླང་དོར་བཀའ་སློབ་སྩལ་ཡོད།

མཛད་སྒོའི་ཐོག་མར་མཐོ་སློབ་ཀྱི་རིགས་བདག་སྐུ་ཞབས་པྲཱ་ཌིབ་ཁོ་སི་ལ་ Chancellor Pradeep Khosla མཆོག་གིས་ཚོགས་བཅར་བ་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་དོན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ཚོར་བྱམས་བརྩེའི་ནུས་པ་གོང་མཐོར་བཏང་བ་བརྒྱུད་མིའི་རྣམ་དཔྱོད་ཀྱི་བློ་གྲོས་གསལ་བར་འབྱེད་ནས་མི་སྒེར་ཙམ་མ་ཟད་འཇིག་རྟེན་གྱི་གནས་ལུགས་ཤེས་རྟོགས་ཐུབ་རྒྱུར་སྙིང་སྟོབས་སྤེལ་གནང་མཛད་བཞིན་ཡོད།  དེ་རིང་འདིར་འཛམ་གླིང་ནང་བྱམས་བརྩེ་དང་འཚེ་མེད་ཞི་བ། ཆོས་ལུགས་མཐུན་སྒྲིལ། ཁོར་ཡུག་སྲུང་སྐྱོབ་སོགས་འགྲོ་བ་མི་རིགས་སྤྱིའི་བདེ་ཐབས་ལ་སྨན་པའི་ཆེད་སྐུ་ངལ་སྐྱོན་གནང་མཛད་མཁན་གྱི་གང་ཟག་ཁོང་ལྟ་བུ་འདིར་གདན་ཞུ་ཐུབ་པ་ནི་ང་ཚོས་དགའ་སྤོབས་བྱེད་འོས་པ་ཞིག་ཡིན། ཞེས་སོགས་ངོ་སྤྲོད་ཞུས་བསྟུན་སན་ཌི་ཡ་གོའི་གྲོང་སྡེའི་སྤྱི་ཁྱབ་པ་སྐུ་བས་ཀེ་ཝིན་ཕོལ་ཀོ་ནར་ Mayor Kevin Faulconer  མཆོག་གིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུ་དོན། དེ་རིང་སན་ཌི་ཡ་གོའི་གྲོང་ཁྱེར་ནང་འཛམ་གླིང་ཞི་བདེའི་དེད་དཔོན་མཆོག་གིས་མི་རིགས་དང་རིག་གཞུང་། ཤ་མདོག སྐད་ཡིག ཡུལ་གོམས་གཤིས་ལུགས་སོགས་འདྲ་མིན་ཡོད་པ་རྣམས་འཆམ་མཐུན་ངང་འཚོ་གནས་བྱ་རྒྱུའི་མཛེས་སྡུག་ལྡན་པའི་མིའི་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁེ་ཕན་སྐོར་གྱི་བླང་དོར་བཀའ་སློབ་ལ་ཉན་རྒྱུའི་གོ་སྐབས་འདི་འདྲ་ཞིག་བྱུང་བ་ནི་ཧ་ཅང་སྐལ་བ་བཟང་པོ་ཞིག་ཡིན་པར་ངས་ངོས་འཛིན་ཞུ་བཞིན་ཡོད།

སན་ཌི་ཡ་གོ་གྲོང་ཁྱེར་འདིར་མཚོན་ན་འཛམ་གླིང་ས་ཕྱོགས་འདྲ་མིན་གྱི་མི་རིགས་དང་རིག་གཞུང་འདྲ་མིན་སྣ་ཚོགས་གནས་སྡོད་བྱེད་སའི་གྲོང་ཁྱེར་ཞིག་ཆགས་ཡོད། དེར་བརྟེན་འདིར་གནས་སྡོད་མི་མང་ཚོས་ཀྱང་བསམ་བློའི་ནང་གྲོང་ཁྱེར་འདི་རང་གི་ནང་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད། ཅེས་སོགས་གསུང་རྗེས་གྲོང་ཁྱེར་གྱི་ལྡེ་མིག་༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཚུལ་དུ་འབུལ་ལམ་ཞུས་པར་མགོན་པོ་གང་ཉིད་མཆོག་གྱིས་ཐུགས་དགྱེས་ཚོར་དང་ལྷན་སྤྱི་ཁྱབ་པ་མཆོག་ལ་འཚམས་འདྲི་མཛད།

དེ་ནས་ལས་རིམ་གཙོ་སྐྱོང་བ་གྲགས་ཅན་ལྕམ་སྐུ་ཨན་ཀར་རི་ Ann Curry ལགས་ཀྱིས་དེར་འདུས་དགེ་ལས་སློབ་ཕྲུག་དང་མང་ཚོགས་རྣམས་ལ་༸གོང་ས་མཆོག་ངོ་སྤྲོད་ཞུས་རྗེས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

བརྩེ་བའི་སྤུན་མཆེད་རྒན་གཞོན་ཕོ་མོ་རྣམ་པ། ངོས་རང་འདྲ་ཆགས་པོ་བྱ་རྒྱུ་དགའ་པོ་མེད། ང་ཚོ་མའི་མངལ་ནས་ཐོག་མར་བཙའ་སྐབས་འདྲ་ཆགས་པོ་བྱས་ནས་བྱུང་བ་ཞིག་མིན། ཕྱོགས་མཚུངས་མཐར་འཆི་འགྲོ་སྐབས་སུའང་འདྲ་ཆགས་པོ་བྱ་རྒྱུ་གང་ཡང་མེད།  སྐྱེ་འཆིའི་དབར་གྱི་སོན་པོའི་རིང་དེར་ང་ཚོ་ཕན་ཚུན་གཅིག་གིས་གཅིག་ལ་སྤུན་མཆེད་ཕོ་མོའི་འདུ་ཤེས་འཛིན་ནས་སྡོད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་བརྗོད་ན་ང་ཚོ་ཚང་མས་མི་ཚེ་བདེ་ཞིང་སྐྱིད་པ་ཞིག་འདོད་པ་གཅིག་མཚུངས་རེད།  མ་འོངས་པའི་གནས་སྟངས་འདི་དང་འདི་རེད་ཅེས་སུས་ཀྱང་བརྗོད་མི་ཐུབ། འོན་ཀྱང་ང་ཚོ་ཚང་མས་རྗེས་སུ་སྐྱིད་པ་ཞིག་ཡོང་རྒྱུ་རེད་བསམས་ནས་བཟང་ཕྱོགས་ཀྱི་རེ་བ་ཞིག་བསམ་བློའི་ནང་བཞག་ནས་མི་ཚེ་དེ་ལྟར་བྱས་ནས་སྐྱེལ་བཞིན་ཡོད།  ང་ཚོས་བདེ་སྐྱིད་འདོད་པ་ལྟར་བདེ་སྐྱིད་བསྒྲུབ་རྒྱུའི་ཐོབ་ཐང་ཡང་ཚང་མར་གཅིག་མཚུངས་སུ་ཡོད། སྤྱིར་མི་ཚེའི་དགོས་དོན་དེ་ཡང་བདེ་སྐྱིད་ཀྱི་དོན་དུ་རེད།

པར་པ། ཇེ་རི་མི་ར་སེལ་ལགས།

དེ་ལྟར་ནའང་ང་ཚོར་དཀའ་ངལ་དང་རྙོག་གྲ་ཟམ་མ་ཆད་པར་འཕྲད་བཞིན་ཡོད།  རྙོག་གྲ་དེ་དག་ཕལ་ཆེ་བ་མིས་བཟོས་པ་ཤ་སྟག་རེད།  རྒྱུ་མཚན་གང་ཡིན་ཞེ་ན། ང་ཚོ་རང་རྒྱུད་ཀྱི་ཞེ་སྡང་ང་རྒྱལ།  འཇིགས་སྣང་སོགས་ཉོན་མོངས་པའི་བློའི་གཞན་དབང་དུ་ཚུད་ནས་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་དེ་དག་ལ་བརྟེན་ནས་རང་གཞན་ཕུང་སྦྱོར་གྱི་ལས་གསོག་བཞིན་ཡོད། འོན་ཀྱང་ང་ཚོས་བློར་བཟོ་ལྟ་བཟོས་ནས་རིམ་བཞིན་ཉོན་མོངས་པའི་བློ་དེ་དག་ལ་གཉེན་པོ་བསྟན་ཐུབ།  གཉེན་པོའི་བློ་མཆོག་ནི་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་ཡིན་བསམས་པའི་གཅིག་གྱུར་གྱི་འདུ་ཤེས་དེ་འཛིན་ནས་བྱམས་བརྩེའི་བློ་བསྐྱེད་པ་བྱ་རྒྱུ་དེ་ཡིན།  རྒྱུ་མཚན་དེར་བརྟེན་ངོས་ཀྱིས་ཁྱེད་ཚོར་ཐོག་མར་འཚམས་འདྲི་བྱེད་སྐབས་བརྩེ་བའི་སྤུན་མཆེད་ཕོ་མོ། ཞེས་བརྗོད་པ་ཡིན།

མི་གྲངས་ ༡༣༠ ༸གོང་ས་མཆོག་མཇལ་བཅར་ཞུ་སྐབས། པར་པ། ཇེ་རི་མི་ར་སེལ་ལགས།

གལ་ཏེ་ང་ཚོ་ཚང་མ་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་བསམས་པའི་འདུ་ཤེས་དེར་ངེས་པ་རྙེད་ཐུབ་པ་བྱུང་ན་རང་གཞན་དབར་བར་དུ་ཆོད་པའི་རྣམ་རྟོག་དེ་དག་རང་བཞིན་གྱི་ཡལ་ནས་ཕན་ཚུན་སེམས་ཐག་ཉེ་པོ་ཆགས་ཐུབ་རྒྱུ་རེད། དེར་བརྟེན་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་དེར་གཞི་བཅོལ་ནས་ངོས་ཀྱིས་བྱམས་བརྩེ་གོང་སྤེལ་གཏོང་ཐབས་བྱེད་བཞིན་ཡོད།

འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཁྲོད་ས་གནས་དང་ཁོར་ཡུག དུས་ཚོད་སོགས་འདྲ་མིན་ནང་སྐད་ཡིག་དང་ཡིག་གཟུགས་སོགས་རིམ་བཞིན་འདྲ་མིན་སྣ་ཚོགས་འཕེལ་རྒྱས་བྱུང་ཡོད། དེར་བརྟེན་མིའི་སྤྱི་ཚོགས་ནི་མེ་ཏོག་གཅིག་ཁོ་ན་བཞད་པའི་ལྡུམ་རྭ་ལྟར་མིན་པར་མེ་ཏོག་སྣ་ཚོགས་བཞད་སའི་སྐྱེད་མོས་ཚལ་ལྟ་བུ་ཡིན།  འོན་ཀྱང་ང་ཚོས་ཕན་ཚུན་མི་རིགས་དང་ཤ་མདོག ཆོས་དད། དཔལ་འབྱོར་གྱི་གནས་སྟངས།  ཤེས་ཡོན་ཡོད་མེད།  རྒྱལ་ཁབ་མི་འདྲ་བ་སོགས་རིམ་པ་གཉིས་པའི་གནས་སྟངས་ཐོག་ནས་ཕན་ཚུན་ཕྲན་བུ་མི་འདྲ་བའི་གནས་སྟངས་ཡོད་པ་དེ་དག་ལ་ཧ་ཅང་གཙིགས་ཆེན་པོར་འཛིན་པ་དེས་འགྲོ་བ་མིའི་རིགས་གཅིག་གྱུར་ཡིན་པའི་བསམ་བློ་རྗེད་བཞིན་ཡོད།  ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཚོགས་བཅར་བའི་དྲི་བར་བཀའ་ལན་སྩལ།

དེ་རྗེས་མཐོ་སློབ་ཀྱི་རིགས་བདག་མཆོག་གི་བཞུགས་གནས་ Geisel House སུ་ཉིན་གུང་ལྗགས་མིན་རྒྱས་བཞེས་མཛད། སྐབས་དེར་ཁེལ་ལི་ཕོར་ནི་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཇོན་པེ་རེ་ཛི་ John Perez མཆོག་དང་མཇལ་འཕྲད་མཛད་པ་མ་ཟད།  ཁོང་གིས་ལམ་སྟོན་འོག་མི་གྲངས་ ༡༣༠ ༸གོང་ས་མཆོག་མཇལ་བཅར་ཞུས། སྐབས་དེར་༸གོང་ས་མཆོག་གིས་༸སྐུ་ཚེའི་རླབས་ཆེན་གྱི་མཛད་ཁུར་གཙོ་བོ་གསུམ་གྱི་ཐོག་བཀའ་སློབ་སྩལ།

ཕྱི་ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཁེལ་ལི་ཕོར་ནི་མཐོ་སློབ་ཀྱི་བསླབ་པ་མཐར་སོན་མཛད་སྒོར་དབུ་བཞུགས་མཛད་ནས་བཀའ་སློབ་སྩལ་གནང་མཛད་ཡོད་པ་བཅས།།

 

Share with your friends










Submit