མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་༸སྐུའི་འཕྲོད་བཞེས་སླད་མ་ཡོ་སྨན་ཁང་དུ་༸ཞབས་སོར་བདེ་བར་འཁོད་པ།

Share with your friends










Submit

༢༠༡༧ ཟླ་ ༦ ཚེས་ ༡༤ རེས་གཟའ་ལྷག་པ།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་མིན་ནེ་སོ་ཊ་མངའ་སྡེའི་གྲོང་ཁྱེར་རུ་ཆེ་སི་ཊར་ Rochester ནང་རྟེན་གཞི་བྱས་པའི་མ་ཡོ་སྨན་ཁང་ Mayo Clinic དུ་ལོ་ལྟར་༸སྐུའི་འཕྲོད་བཞེས་ལ་སྨན་པའི་བརྟག་དཔྱད་ཞུ་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་སྨན་ཁང་དེར་༸ཞབས་སོར་འཁོད་གནང་མཛད་ཡོད།

དེ་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཨ་རིའི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག་དང་མ་ཡོ་སྨན་ཁང་གི་འབྲེལ་ཡོད་སྐུ་ཚབ་འཐུས་མི། དེ་བཞིན་སྨན་ཁང་གི་༸སྐུའི་ཕྱི་ལུགས་བླ་སྨན་པ་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

དེ་རྗེས་གནམ་ཐང་ནས་སྨན་ཁང་དུ་ཆིབས་སྒྱུར་བསྐྱངས་ནས་ཁུལ་དེར་༸ཞབས་སོར་བདེ་བར་འཁོད་སྐབས་བོད་མི་སེར་སྐྱ་རྒན་གཞོན་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོས་འཚམས་འདྲི་མཛད།

དེ་ནས་སྨན་ཁང་ནང་དུ་ཆིབས་སྒྱུར་བསྐྱང་སྐབས་ནད་པ་ཁག་གཅིག་མཇལ་བཅར་ཞུས་པར་༸གོང་ས་མཆོག་གིས་ནད་པ་དེ་དག་ལ་ཐུགས་བརྩེ་བ་ཆེན་པོས་ནད་གཞིའི་སྐོར་བཀའ་བརྩད་མཛད་པ་མ་ཟད།  སྤང་བླངས་འཇུག་ལྡོག་ཚུལ་བཞིན་བསྐྱང་དགོས་པའི་ལམ་སྟོན་སོགས་མཛད། དེ་ནས་སྟེང་ཐོག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་སྨན་པ་དང་སྨན་ཞབས་པ། དེ་བཞིན་ལས་བྱེད་སོགས་ཀྱིས་དགའ་བསུའི་འཚམས་འདྲི་ཞུས།

དེ་ཡང་མཛད་འཆར་ལྟར་ན་༸གོང་ས་མཆོག་མ་ཡོ་སྨན་ཁང་དུ་ཉིན་གཉིས་རིང་༸སྐུའི་འཕྲོད་བཞེས་ལ་སྨན་པས་བརྟག་དཔྱད་ཞུ་རྒྱུ་དང་། དེ་རྗེས་སེན་ཌི་ཡ་གོའི་ San Diego, California མཐོ་སློབ་ཏུ་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit