༢༠༡༧ ཟླ་ ༥ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ནིའུ་ཛི་ལེན་ཌིའི་ New Zealnd གྲོང་ཁྱེར་ཨོག་ལེན་ཌི་ནས་གྲོང་ཁྱེར་ཌུ་ནེ་ཌིན་ Dunedin ནང་ཕེབས་འབྱོར་སྐབས་ལྷ་མགོན་སྤྲུལ་སྐུ་དང་དགེ་བཤེས་ཁག་གཅིག དེ་བཞིན་ས་གནས་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་གནམ་ཐང་དུ་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས། དེ་རྗེས་སྲིད་སྐྱོང་མཆོག་ཁུལ་དེར་རྟེན་གཞི་བྱས་པའི་དར་རྒྱས་དགོན་པའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ལ་བཙན་བྱོལ་བོད་མི་རྣམས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་གཞི་རྩར་བཟུང་ནས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་འབད་བརྩོན་བྱེད་བཞིན་ཡོད་སྐོར་གསུང་བཤད་གནང་བ་མ་ཟད། ས་གནས་གསར་འགོད་པས་སྲིད་སྐྱོང་མཆོག་ནིའུ་ཛི་ལེན་ཌིར་ཐེངས་དང་པོ་ཕེབས་པའི་སྐོར་སོགས་ཀྱི་དྲི་བར་ལན་འདེབས་གནང་འདུག
ཕྱེད་ཡོལ་དུ་སྲིད་སྐྱོང་མཆོག་གིས་ཁུལ་དེར་ཡོད་པའི་ཨོ་ཊ་གོ་ University of Otago མཐོ་སློབ་ཏུ་དགེ་ལས་སློབ་ཕྲུག་སོགས་ཁྱོན་མི་གྲངས་ ༡༠༠ ཙམ་འདུ་འཛོམས་ཐོག དུས་རབས་ ༢༡ ནང་བོད་ཀྱི་ཆབ་སྲིད་དང་ཁོར་ཡུག རིག་གཞུང་ལ་འཕྲད་བཞིན་པའི་དཀའ་ངལ་དང་དེར་གདོང་ལེན་བྱེད་ཕྱོགས་སྐོར་གསུང་བཤད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་དང་བོད་ཀྱི་གནས་སྟངས་སྐོར་ཡག་པོ་ཤེས་དགོས་ན། རྒྱ་ནག་སྐོར་ལ་ངེས་པར་དུ་ཤེས་དགོས་པ་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་སྐྱོང་བྱེད་བཞིན་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་པའི་སྐོར། བོད་ནང་དུ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མིས་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་བ་དང་། བོད་མི་ཚོས་རང་གི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད་པ་མ་ཟད། བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་སྤྱི་དང་ལྷག་པར་ཨེ་ཤི་ཡེའི་གཙང་པོ་མང་པོ་ཞིག་བོད་ནས་ཡོང་བཞིན་ཡོད་སྟབས་ཨེ་ཤི་ཡའི་མི་འབོར་དུང་ཕྱུར་མང་པོའི་འཚོ་བར་བོད་ཀྱི་ཁོར་ཡུག་དེ་གལ་གནད་ཇི་ཙམ་ཆེན་པོ་ཡིན་པའི་སྐོར་སོགས་གསུང་འདུག
གསུང་བཤད་ལས་རིམ་རྫོགས་ལ་ཉེ་སྐབས་རྒྱལ་ཡོངས་ཞི་བདེ་དང་རྩོད་རྙོག་ཉམས་ཞིབ་བསྟི་གནས་ཁང་གི་ National Centre for Peace and Conflict Studies འགན་འཛིན་སྐུ་ཞབས་ཀེ་ཝིན་ཀེ་ལེ་མེན་ Kevin Clements ལགས་ལ་དྲན་རྟེན་ཕྱག་རྟགས་ཤིག་འབུལ་ལམ་ཞུས་ནས་ཁོང་གིས་ད་བར་བོད་དོན་ལ་རྒྱབ་སྐྱོར་གནང་བར་བསྔགས་བརྗོད་གནང་འདུག ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལྷན་ཚོགས་གོ་སྒྲིག་གནང་མཁན་སྐུ་ཞབས་ཇོ་ལེ་ཝེ་ལེན་ Joe Llywellen ལགས་དང་། འཚེ་མེད་ཞི་བ་དང་རྩོད་རྙོག་འདུམ་སྒྲིག་ཐོག་འབུམ་རམས་པའི་སློབ་སྦྱོང་གནང་བཞིན་པའི་སློབ་མ་གཅིག་བཅས་ལ་མཇལ་དར་སྒྲོན་གནང་འདུག །