ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༡ རེས་གཟའ་ལྷག་པ།
༄༅། །ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱུན་ལྡན་ཟླ་རེའི་ཚོགས་འདུ་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༣༠ ཉིན་ཚོགས་འདུག སྐབས་དེར་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མཱན་མཆོག་དང་། གྲོས་ཚོགས་འཐུས་མི་ཤ་བྷ་སོ་གྷོར་ Csaba Sogor མཆོག ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་བ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད། སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་སོགས་ཁྱོན་མི་གྲངས་ ༢༠ མཉམ་ཞུགས་གནང་ཡོད་པ་དང་ཚོགས་འདུར་རིང་མིན་ཕྱི་ཟླ་ ༦ ཚེས་ ༢ ནས་ ༣ བར་ཉིན་གྲངས་གཉིས་རིང་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་ལྷན་ཚོགས་ EU-China Summit ཀྱི་ཚོགས་ཆེན་གཙོ་བོར་གྱུར་པའི་ལས་འཆར་ཁག་གི་ཐོག་བཀའ་བསྡུར་གནང་ཡོད།
དེ་ཡང་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་དེང་སྐབས་རྒྱལ་སྤྱིའི་ཡུལ་བབས་སྲིད་བྱུས་བརྟན་པོ་མེད་སྟབས། ཡུ་རོབ་སྤྱི་མཐུན་ཚོགས་པ་དང་རྒྱ་ནག་ལྷན་ཚོགས་ཀྱི་ཚོགས་ཆེན་དེ་ཉིད་གལ་ཆེན་པོ་ཡིན་སྐོར། ཡུ་རོབ་སྤྱི་མཐུན་ཚོགས་པའི་འཆར་སྣང་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་ཡུ་རོབ་སྤྱི་མཐུན་ཚོགས་པ་ལྟ་བུ་རྒྱལ་ཁབ་མང་པོ་སྤྱི་པའི་སྒྲིག་འཛུགས་གཅིག་གི་འོག་མཉམ་གནས་བྱ་རྒྱུའི་གཞི་རྩའི་འཆར་སྣང་དེར་རྒྱབ་སྐྱོར་མཛད་མཁན་ཞིག་ཡིན། དེར་བརྟེན་ཡུ་རོབ་སྤྱི་མཐུན་ཚོགས་པའི་གཞི་རྩའི་འཆར་སྣང་དེ་དག་རྒྱུན་སྐྱོང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར། གཞན་ཡང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཌོ་ནལ་ཊ་སི་ Donald Tusk མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨན་ཊོ་ནིའོ་ཏ་ཇ་ནི་ Antonio Tajani མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇོན་ཀོ་ལོ་ཌི་ཇན་ཀར་ Mr Jean Claude Juncker མཆོག ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཕེ་ཌེ་རི་ཀ་མོ་གྷེ་རི་ནི་ Mrs. Federica Mogherini མཆོག་བཅས་ལ་རྒྱ་ནག་གི་སྲིད་བློན་ལི་ཁི་ཅང་དང་ཐུགས་འཕྲད་སྐབས་བོད་དོན་སྐོར་གླེང་སློང་ཡོང་བའི་རེ་སྐུལ་ཞུས་ཡོད་སྐོར་སྙན་གསེང་ཞུས།
སྐབས་སྦེར་སེལ་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་ཝིན་སེན་མི་ཊེན་ Mr. Vincent Metten ལགས་ཀྱིས། ཡུ་རོབ་གྲོས་ཚོགས་འཐུས་མི་ ༡༤ ཡིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་དགོས་སྐོར་གྱི་ཞུ་སྙན་ལ་མཚན་རྟགས་བཀོད་ཡོད་སྐོར་དང་། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༡༦ གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་སེམས་འཚབ་དང་ཚོགས་པ་དེ་དག་གིས་སྣེ་ཁྲིད་དེ་ཕྱི་ཟླ་ ༦ ཚེས་ ༢ ཉིན་འགྲོ་བ་མིའི་ཐོབ་ཐང་སྐོར་རྔམ་སྟོན་ཁྲོམ་སྐོར་བྱེད་འཆར་ཡོད་སྐོར་གསུངས།
ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཐོ་མ་སི་མཱན་མཆོག་གིས། ཡུ་རོབ་སྤྱི་མཐུན་ཚོགས་པ་ནས་འགྲོ་བ་མིའི་ཐོང་ཐང་ལ་རྒྱབ་སྐྱོར་དང་ཡོ་རོབ་གྲོས་ཚོགས་འཐུས་མི་རྣམས་ནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་ཡུ་རོབ་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་རྣམ་གཉིས་ལའང་འགྲོ་བ་མིའི་ཐོང་ཐང་ལ་རྒྱབ་སྐྱོར་ཡོང་བ་ཞུ་དགོས་སྐོར་རེ་སྐུལ་གནང་།
ཡུ་རོབ་གྲོས་ཚོགས་འཐུས་མིའི་ཕྱག་རོགས་བོད་དོན་རྒྱབ་སྐྱོར་བ་གཉིས་ནས་ཉེ་ཆར་ཕྱི་ཟླ་ ༥ ཚེས་ ༢༠ ནས་ ༢༦ བར་བཞུགས་སྒར་རྡ་སར་འཚམས་གཟིགས་ཕེབས་པའི་སྐོར་ངོ་སྤྲོད་དང་འབྲེལ་སྦར་སེལ་སྐུ་ཚབ་དོན་གཅོད་ཁང་ནས་གོ་སྒྲིག་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།
མཐར་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༡༨ ནས་ ༢༤ བར་བཞུགས་སྒར་དུ་འཚམས་གཟིགས་སུ་ཕེབས་རྒྱུའི་སྐོར་བཀའ་བསྡུར་བྱུང་འདུག །