མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རང་མོས་ལྟར་༸རྒྱལ་བའི་ཡང་སྲིད་རྫུན་བཟོ་མ་བྱེད་རོགས།

༢༠༡༧ ཟླ་ ༥ ཚེས་ ༡༦ རེས་གཟའ་མིག་དམར།

༄༅། །ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྣམ་པ་བལ་ཡུལ་དང་རྒྱ་གར། སྦེལ་ཇམ། ཇར་མ་ནི་བཅས་སུ་འཚམས་གཟིགས་ལེགས་གྲུབ་ཀྱིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་གསར་འགོད་ལྷན་ཚོགས་ཐོག་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད།

དེ་ཡང་ཐོག་མར་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་པེ་ལོ་སི་མཆོག་གིས་༸གོང་ས་མཆོག་གིས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག  འགྲོ་བ་མིའི་ཐོབ་ཐང་བཅས་སྲུང་སྐྱོབ་སླད་ཐུགས་བརྩོན་མཛད་བཞིན་པ་དེར་རྒྱབ་སྐྱོར་ཞུས་པ་དང་སྦྲགས་གསུང་དོན། ང་ཚོ་ཚོགས་ཆུང་གིས་སེམས་འཚབ་ཆེ་ཤོས་དེ་རྒྱ་ནག་གཞུང་གིས་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་ཐུན་མིན་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག འགྲོ་བ་མིའི་ཐོབ་ཐང་སོགས་ནག་སུབ་གཏོང་བཞིན་པ་དང་།  འཛམ་གླིང་ས་ཕྱོགས་གཞན་ནང་ཡོད་པའི་བོད་མི་བཙན་བྱོལ་བ་རྣམས་ཀྱི་གནས་སྟངས་བཅས་ཡིན།

ཐེངས་འདིར་ང་ཚོར་བོད་མི་ཚོ་དང་དངོས་སུ་ཐུག་ནས་ཁོང་ཚོའི་མངོན་འདོད་རྣམས་གསལ་རྟོགས་ཐུབ་རྒྱུའི་གོ་སྐབས་ཧ་ཅང་བཟང་པོ་ཞིག་ཐོབ་བྱུང་བ་མ་ཟད།  ལྷག་པར་རྡ་སའི་བོད་ཁྱིམ་སློབ་ཕྲུག་ཚོའི་མིག་ནང་དུ་འཆར་བཞིན་པའི་བོད་དེ་ཧ་ཅང་གསལ་པོ་མཐོང་བྱུང་།

བོད་ནང་གི་དཀའ་ངལ་སེལ་ཐབས་ཆེད་གདོང་ལེན་བྱེད་དགོས་པ་ནི་འཛམ་གླིང་སྤྱི་ལ་འཁྲི་པའི་ལས་འགན་ཞིག་ཡིན།  མི་སྒེར་དང་ཚོགས་པ་སྒྲིག་འཛུགས།  དེ་བཞིན་རྒྱལ་ཁབ་བྱེ་བྲག་པ་སུ་འདྲ་ཞིག་གིས་བོད་དོན་རྒྱབ་སྐྱོར་བྱས་ཚེ་རྒྱ་ནག་གཞུང་གིས་དཔལ་འབྱོར་དམག་སྟོབས་ཀྱི་གནོན་ཤུགས་སྤྲད་ནས་ཁ་འགོག་ཐབས་བྱེད་བཞིན་ཡོད་སྟབས།  རྒྱ་ནག་གཞུང་གི་གནོན་ཤུགས་ལ་བརྟེན་ནས་གལ་ཏེ་ང་ཚོས་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་ནས་བསྡད་པ་ཡིན་ན་འཛམ་གླིང་ས་ཕྱོགས་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་མེད་པར་གྱུར་ངེས་ཡིན། ཞེས་གསུངས།

ཕྱོགས་མཚུངས་སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་ Eliot Engel མཆོག་གིས་གསུང་དོན། ངས་རྒྱ་གར་གཞུང་གིས་ཕྱི་ལོ་ ༡༩༥༩ ལོ་ནས་བཟུང་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་མི་གྲངས་ ༡༥༠༠༠༠ ལྷག་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།  ༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་སུ་མང་ཚོགས་རྣམས་ལ་སྙིང་སྟོབས་སྤེལ་གནང་མཛད་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཡིན། བོད་མིའི་སྒྲིག་འཛུགས་ནི་ཚུལ་ལྡན་མང་གཙོ་རིང་ལུགས་ཐོག་བསྐྱོད་བཞིན་པའི་སྒྲིག་འཛུགས་ཤིག་ཡིན་པ་མ་ཟད།  དཀའ་ངལ་ཅན་གྱི་གནས་སྟངས་འོག་གནས་བཞིན་དུ་འོས་བསྡུའི་ལས་རིམ་དང་གྲ་སྒྲིག་གནང་རྒྱུས་མཚོན་བོད་མིའི་བདེ་དོན་ཆེད་ཕྱག་ལས་གནང་བཞིན་འདུག  བལ་ཡུལ་ནང་གི་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་ཤིག་ཡོད་པར་བརྟེན།  ང་ཚོས་བལ་ཡུལ་སྲིད་གཞུང་ལ་བོད་མི་དེ་དག་ལ་དགོངས་ངེས་ཀྱི་ཐོབ་ཐང་དེ་དག་ངེས་པར་དུ་སྤྲོད་དགོས་པའི་རེས་འདུན་བཏོན་པ་ཡིན། བོད་མི་དེ་དག་བལ་ཡུལ་དང་རྒྱ་ནག་ཡུལ་གཉིས་ཀྱི་དབར་ཚུད་ནས་ཡུལ་གཉིས་ཀས་ངོས་འཛིན་མ་བྱས་སྟབས། དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་དེ་ནི་བློ་ཕམ་དགོས་པ་ཞིག་རེད་འདུག

ཨ་རིའི་གཞུང་གིས་རྒྱ་ནག་གཅིག་གི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་བཞིན་པ་དེ་དང་བོད་མི་རྣམས་ཀྱིས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་རྩོད་བཞིན་པ་གཉིས་དབར་ནང་འགལ་གང་ཡང་མེད། དེར་བརྟེན་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་གང་མགྱོགས་སླར་གསོ་ཞུ་དགོས།  བོད་མི་རྣམས་ལ་དྲག་གནོན་དང་བསུན་གཙེར་སོགས་ཀྱི་འཇིགས་སྣང་གང་ཡང་མེད་པར་རང་དབང་ཐོག་ནས་རང་གི་ཐུན་མིན་རིག་གཞུང་དང་ཆོས། སྐད་ཡིག་སོགས་འཛིན་སྐྱོང་སྤེལ་གསུམ་བྱེད་འཇུག་དགོས།

ང་ཚོ་ལྟར་གལ་ཏེ་ཁྱེད་རྣམ་པས་བོད་མི་ཚོ་དང་མཉམ་སྡོད་བྱས་པ་ཡིན་ན་པེ་ཅིང་སྲིད་གཞུང་གིས་བཤད་པ་དང་གཏན་ནས་མི་འདྲ་བ་ཞིག་ཡིན་པ་ཤེས་རྟོགས་ཐུབ་རྒྱུ་རེད།  རྒྱ་ནག་གཞུང་གིས་༸རྒྱལ་བའི་ཡང་སྲིད་ཐོག་ཐེ་བྱུས་མ་བྱེད་རོགས།  གནད་དོན་དེ་བོད་མི་དང་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཐུགས་ཐག་གཅོད་གནང་མཛད་རྒྱུ་རེད།  ཁོང་ད་ལྟ་དགུང་གྲངས་ ༨༢ བཞེས་ཡོད།   རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རང་མོས་ལྟར་༸རྒྱལ་བའི་ཡང་སྲིད་རྫུན་བཟོ་མ་བྱེད་རོགས། ༸རྒྱལ་བའི་ཡང་སྲིད་སྐོར་ནི་ཆོས་ཕྱོགས་ལས་ཆབ་སྲིད་ཀྱི་གནད་དོན་ཞིག་རྩ་བ་ནས་མིན།  ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་ལྷག་པར་མང་གཙོ་ཚོགས་པས་སེམས་འཚབ་ཧ་ཅང་བྱེད་དགོས་པ་ནི། སྲིད་འཛིན་ཊོམ་མཆོག་གི་ཨ་རིའི་རོགས་དངུལ་ཕོན་ཆེ་ཞིག་ཉུང་འཕྲི་གཏོང་རྒྱུའི་སྲིད་བྱུས་དེར་ང་ཚོས་ངོ་རྒོལ་ཡོད། རོགས་དངུལ་དེ་དག་ཨ་རིའི་ཐེབས་རྩ་ཁང་བརྒྱུད་རྒྱ་བལ་འབྲུག་གསུམ་ནང་གི་བོད་མི་བཙན་བྱོལ་བ་རྣམས་ལ་ཤེས་ཡོན་དང་འཕྲོད་བསྟེན།  དཔལ་འབྱོར་སོགས་ཡར་རྒྱས་གཏོང་རྒྱུའི་ལས་གཞིར་མཐུན་འགྱུར་སྦྱོར་བཞིན་ཡོད།  ད་ལྟའི་འཆར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ས་མིག་སྟོང་པ་ཡིན་སྟབས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དེའི་ཐད་དགོངས་པ་བཞེས་དགོས། ང་ཚོ་རྒྱ་གར་དུ་བསྐྱོད་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་རྣམས་ཀྱིས་སྣེ་ལེན་ཧ་ཅང་ཡག་པོ་གནང་བྱུང་། མཛད་སྒོའི་ཐོག་མི་གྲངས་སྟོང་ཕྲག་མང་པོ་ཕེབས་བྱུང་། ལྷག་པར་མཛད་སྒོ་ཚོགས་ཡུལ་གྱི་ཕྱི་རོལ་དུ་མི་མང་ཧ་ཅང་ཕོན་ཆེ་འཛོམས་འདུག  སྐབས་དེར་ང་ཚོ་ཚང་མས་གཏམ་བཤད་སྤེལ་རྒྱུ་བྱུང་། དེ་ནི་ངས་ཧ་ཅང་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་དགོས་པའི་དུས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།  ཨ་རིའི་མི་མང་གིས་བོད་མི་རྣམས་བརྗེད་མེད།   ང་ཚོ་དུས་རྟག་ཏུ་ཁྱེད་ཚོ་དང་ལྷན་དུ་ཡོད་པ་མ་ཟད། ཁྱེད་ཚོའི་གནས་སྟངས་ལ་ང་ཚོས་དོ་སྣང་ཧ་ཅང་ཆེན་པོའི་ཐོག་ནས་དུས་ནས་དུས་སུ་རྟོག་ཞིབ་བྱེད་བཞིན་ཡོད།  ཅེས་གསུང་རྗེས་གྲོས་ཚོགས་འཐུས་མི་ཇིམ་མེག་གྷོ་ཝན་ Jim McGovern མཆོག་གིས་གསུང་བཤད་གནང་ཡོད།།