མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

འདིར་ང་ཚོ་འཛོམས་ནས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བཟོ་འདྲ་བོ་དེ་འདྲ་རྩ་བ་ཉིད་ནས་མ་རེད།

Share with your friends










Submit

༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས།  སྐབས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།

དེ་རིང་འདིར་དངོས་སུ་འཁོད་པའི་བོད་མི་རྒན་བྱིས་སེར་སྐྱ་ཁྱེད་རང་ཚོ་དང་། འདིར་དངོས་སུ་མ་འཁོད་པའི་བོད་མི་རང་དབང་ཡུལ་གྲུ་ཁག་ཏུ་ཡོད་པ་ཚོ། ལྷག་པར་རང་དབང་བྲལ་ནས་དངངས་སྐྲག་འོག་སྡོད་མཁན་གཞིས་ལུས་རྒྱ་ཆེ་མི་མང་བཅས་ལ་ངོས་ཀྱིས་ཚིག་ཁ་ཤས་ཞུ་འདོད་བྱུང་།   ང་ཚོ་བོད་མི་རིགས་ཟེར་རྒྱུ་འདི་ས་འོག་ནས་དངོས་རྫས་ཐོན་པ་གཞིར་བཞག་བྱས་ན། ཧ་ལམ་ལོ་སྟོང་ཕྲག་ཉི་ཤུ་སུམ་ཅུ་བཤད་ཀྱི་འདུག  ཁྲི་གཉིས་གསུམ་གྱི་སྐད་ཆ་བཤད་ཀྱི་འདུག གང་ལྟར་མིའི་སྤྱི་ཚོགས་ཆགས་རྒྱུའི་གྲས་ནང་ནས་ཕལ་ཆེར་སྔ་ཤོས་གྲས་ཤིག་ཆགས་ཀྱི་ཡོད།  ད་ང་ཚོའི་མི་རབས་འདིར་དུས་ཀྱི་འགྱུར་བ་ཧ་ཅང་ཆེན་པོ་བྱུང་བ་རེད།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་བའི་སྐབས་བོད་པའི་ཁ་རྒྱུན་ལ་ཡོད་པ་ནང་བཞིན་ངོ་ཤེས་པ་གནམ་དང་ས་མ་གཏོགས་མེད་པ་ལྟ་བུ་ད་གང་འདྲ་བྱེད་ཡོང་བསམས་པའི་དངངས་ཚབ་བྱས་ནས་བསྡད་དགོས་པའི་གནས་སྟངས་ཆགས་པ་རེད། དེ་ནས་རིམ་བཞིན་དུས་ཚོད་ཕྱིན་པའི་སྐབས་ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༨ ལྷག་ཕྱིན་ཡོད།

འགོ་སྟོད་ང་ཚོ་གང་འདྲ་བྱས་ཡོང་བསམ་པའི་དངངས་སྐྲག་བྱས་ནས་བསྡད་དགོས་པའི་གནས་སྟངས་དེ་རིམ་བཞིན་འགྱུར་བ་ཕྱིན་ནས་དེང་སྐབས་དཔེར་ན་དེ་རིང་འདིར་ཆ་མཚོན་ན། ང་ཚོ་བཙན་བྱོལ་བའི་ངོས་ནས་བཤད་ན། སྐྱབས་མེད་མགོན་མེད་ལྟ་བུ་རེད། འོན་ཀྱང་ང་ཚོ་ངོ་ཤེས་མེད་སར་ངོ་ཤེས་ཆགས།  གྲོགས་པོ་མེད་སར་གྲོགས་པོ་བྱུང་། རྒྱབ་སྐྱོར་བྱེད་མཁན་ཚོས་ལྷག་བསམ་རྣམ་དག་ཐོག་ནས་མ་གཏོགས་བོད་མིར་རྒྱབ་སྐྱོར་བྱེད་ན་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་ཐོབ་རྒྱུ་རེད་བསམས་པ་དེ་འདྲ་རྩ་བ་ནས་མ་རེད།  ང་ཚོ་སྐྱབས་བཅོལ་བ་ཡིན་སྟབས་དཔལ་འབྱོར་ཐོག་ནས་ཁེ་ཕན་ཐོབ་རྒྱུ་གང་ཡང་མེད། དེར་བརྟེན་བོད་མིར་རྒྱབ་སྐྱོར་གནང་བ་དེ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ཆགས་ཡོད།  

དེ་རིང་འདིར་ཆ་བཞག་ན། ཨ་རིའི་གྲོས་ཚོགས་འཐུས་མི་ནེན་སི་པེ་ལོ་སི་ Nancy Pelosi མཆོག་ལོ་མང་རིང་ནས་ངོ་ཤེས་རེད། ཁོང་དང་ཁོང་གི་ཕྱག་རོགས་འཐུས་མི་གང་ཙམ་འདིར་ཕེབས་ཡོད། དེ་དག་ང་ཚོས་དཔལ་འབྱོར་ཐོག་ནས་རོགས་རམ་འཚོལ་བ་ཡིན་ནམ་ཞེ་ན།  མ་རེད། ང་ཚོ་སྐྱོ་བོ་བྱས་ནས་གནས་ཡོད། གང་རེད་ཅེ་ན། ང་ཚོར་བདེན་པ་ཡོད། བདེན་པ་ཡོད་པ་གཅིག་པུས་འགྲིག་གི་མི་འདུག   བདེན་པ་ཡོད་ནའང་འཚེ་བའི་ལམ་དུ་འཇུག་པ་ཡིན་ན། མི་ཚོས་ཤ་ཚ་བྱ་རྒྱུ་ཁག་པོ་རེད། ང་ཚོར་བདེན་པ་ཡོད་པ་འདི་མ་རྩར་བཞག་ནས་མཐའ་གཅིག་ཏུ་འཚེ་བ་མེད་པའི་ལམ་ལ་བརྟེན་ནས་ཐབས་རྩོད་བྱེད་བཞིན་ཡོད།  

དཔེར་ན་རྒྱ་དང་ང་ཚོ་རྩོད་ལན་ཞིག་བྱེད་ཀྱི་ཡོད། འོན་ཀྱང་རྒྱ་མི་རིགས་ལ་གུས་བརྩི་དགོས། མདོར་ན་གུང་ཁྲན་ཏང་ཡོན་བློ་གུ་དོག་ཡོད་པ་དེ་དག་ལ་སྙིང་རྗེ་སྒོམ་སྟེ་མཐའ་ན་གཏོང་ལེན་གྱི་དམིགས་པ་བྱས་ཏེ་ཁོ་པ་ཚོའི་སེམས་ནང་ཡོད་པའི་དངངས་སྐྲག་དང་ཁོང་ཁྲོ། དོག་པ་དེ་དག་རང་ཉིད་ཀྱིས་ཚུར་ལེན།   ང་རང་ཚོའི་བརྒྱུད་ལ་ཡོད་པའི་བྱམས་བརྩེ་དང་བཟོད་པ། ཡིད་ཆེས་རིགས་ཕར་སྦྱིན་ནས་དངོས་སུ་ལག་ལེན་ཐོག་ཕན་ཐོགས་གང་ཡང་མེད་ནའང་། བསམ་བློའི་ནང་ཁྱད་པར་ཧ་ཅང་འདུག 

དེ་འདྲའི་ཐོག་ནས་ང་ཚོས་འཐབ་རྩོད་བྱེད་ཀྱི་ཡོད་ཀྱང་བྱམས་བརྩེའི་བློ་དང་མ་བྲལ་བའི་ཐོག་ནས་འཐབ་རྩོད་བྱེད་ཀྱི་ཡོད། དེར་བརྟེན་ང་ཚོ་བོད་ལ་རྒྱབ་སྐྱོར་བྱེད་མཁན་གྲོགས་པོ་ལོ་བཅུ་ཕྲག་ནས་བཅུ་ཕྲག་མང་དུ་འགྲོ་བཞིན་པ་དེ་ང་ཚོའི་ལྷག་བསམ་དང་སེམས་པ་རྣམ་དག དྲང་བདེན། རྒྱ་མི་རིགས་ལ་ཆ་བཞག་ནའང་ཁོང་ཁྲོའི་རིགས་མེད་པར་གཉིས་ཕན་གྱི་འོག་ནས་ང་ཚོའི་དཀའ་ངལ་དེ་སེལ་ཐུབ་ན་བསམས་པའི་འབད་བརྩོན་བྱས་སྟབས། རྒྱ་མི་རིགས་ནང་ནས་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་འདུག འདི་ང་ཚོ་ཤེས་དགོས་པ་རེད།

ང་ཚོ་བོད་པར་གྲོགས་པོ་མེད་སར་གྲོགས་པོ་དང་ངོ་ཤེས་མེད་སར་ངོ་ཤེས་མང་པོ་ལོ་རེ་བཞིན་ཤུགས་ཆེ་རུ་འགྲོ་རྒྱུ་འདི་ང་ཚོ་སེམས་པ་རྣམ་དག དྲང་པོ་དྲང་གཞག མིའི་བརྩེ་བ་མ་དོར་བའི་ཐོག་ནས་དཀའ་ལས་རྒྱག་གི་ཡོད་དུས་འཛམ་གླིང་འདིའི་སྟེང་རིན་ཐང་ལྟ་བུ་སླེབ་སྟེ་དོ་སྣང་བྱེད་ཀྱི་འདུག འདི་ང་ཚོ་བོད་པའི་རིག་གཞུང་ཆགས་ཡོད། ང་ཚོ་བོད་རིགས་ཀྱི་གོམས་གཤིས་ཆགས་ཡོད། དེ་འདྲའི་བྱམས་བརྩེ་དང་། གཉིས་ཕན་གྱི་བསམ་བློ་འདི་བོད་པའི་དཀའ་ངལ་ཙམ་མ་རེད། འཛམ་གླིང་འདིའི་སྟེང་དཀའ་ངལ་མང་པོ་ཡོད་པ་ཚང་མ་བྱམས་བརྩེའི་བློ་དང་གཉིས་ཕན་གྱི་བློ་རང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་རེད། གཞན་ཡང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཡིན་པ་ཞིག་བསམ་བློ་བཏང་བའི་ཐོག་ཕྱིན་པ་ཡིན་ན། འཛམ་གླིང་ནང་མིས་བཟོས་པའི་དཀའ་ངལ་ག་ཚོད་འདུག མི་ཇི་ཙམ་གསོད་ཀྱི་འདུག དེ་དག་བྱམས་བརྩེའི་བསམ་བློའི་ཐོག་ནས་སེལ་རྒྱུ་མ་གཏོགས་གོ་མཚོན་ཐོག་ནས་སེལ་རྒྱུ་མེད། དབང་ཡོད་བཤད་ནས་སེལ་ཐུབ་ཐབས་མེད། འཛམ་གླིང་འདིའི་སྟེང་ཁོར་ཡུག་གི་གནམ་གཤིས་འགྱུར་བའི་ཐོག་ནས་དཀའ་ངལ་ནི་གནས་ཚུལ་ཁག་ཁག་རེད།

ང་རང་ཚོས་མིས་བཟོས་པའི་དཀའ་ངལ་དེ་དག་དྲག་པོའི་སྟོབས་ཤུགས་ཐོག་ནས་མེད་པར་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད་འདུག འཛམ་གླིང་འདིའི་ནང་དཔེར་ན། འདས་པའི་དུས་རབས་ཉི་ཤུའི་ནང་གོ་མཚོན་བེད་སྤྱོད་བྱས་ནས་མི་ག་ཚོད་བསད་ཡོད། མི་ས་ཡ་ཉི་བརྒྱ་ལྷག་བསད་ཡོད། མི་བསད་པ་དེས་དངོས་གནས་ཞི་བདེ་དང་འཆམ་མཐུན་ལྟ་བུ་ཡོང་ཐུབ་རྒྱུ་བྱུང་མི་འདུག དེར་བརྟེན་འདས་པའི་ལོ་རྒྱུས་ནང་དབང་ཡོད་དང་ཐུབ་ཚོད་བཤད། གོ་མཚོན་གྱི་ནུས་པའི་ཐོག་ནས་ཁ་གཏད་གཅག་ན་འདས་པའི་ལོ་རྒྱུས་ནང་དཀའ་ངལ་སེལ་ཐུབ་རྒྱུ་བྱུང་མེད་ལ་མ་འོངས་པར་ཡིན་ནའང་དཀའ་སེལ་ཐུབ་རྒྱུ་ཁྱོན་ནས་ཡོང་གི་མ་རེད།

དེར་བརྟེན་ང་རང་ཚོས་བོད་པའི་དོན་དག་འདི་ལྷག་བསམ་རྣམ་དག དྲང་པོ་དྲང་གཞག བྱམས་བརྩེ་ལྡན་པའི་ངང་ནས་ང་ཚོའི་དཀའ་ངལ་སེལ་རྒྱུ་ནི་ང་ཚོས་མིག་དཔེ་སྟོན་ནས་འཛམ་གླིང་སྤྱི་ལ་གང་ཙམ་མིག་དཔེ་བསྟན་ཐུབ་པ་ཞིག་དང་། ཕན་ཐོགས་བྱེད་ཐུབ་རྒྱུ་ཡོད། ངས་ཁ་སང་ཁོ་རང་ཚོ་མཇལ་དུས་ཞུས་པ་ཡིན། ནམ་རྒྱུན་ནས་བཤད་ཀྱི་ཡོད། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོ་བོད་པར་ཕྱོགས་བཟུང་བའི་བསམ་བློ་ཐོག་ནས་རྒྱབ་སྐྱོར་བྱས་པ་མ་རེད། ང་ཚོར་རྒྱབ་སྐྱོར་བྱེད་མཁན་དེ་དག་དྲང་བདེན་ལ་ཕྱོགས་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད། དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་རེད། ཅེས་ངོས་ཀྱིས་འདི་ལྟར་བརྗོད་ཀྱི་ཡོད།

ང་ཚོ་འཚེ་བའི་ལམ་ལ་ཕྱིན་ནས་མི་གསོད་ཁྲག་སྦྱོར་བྱས་ཡོད་ན། བོད་པར་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་ཡོང་རྒྱུ་ཁྱོན་ནས་མེད། ངོས་ལ་ཆ་བཞག་ན་འཛམ་གླིང་གང་སར་སླེབ་ཀྱི་ཡོད། འཛམ་གླིང་གང་སར་ཕྱིན་པའི་སྐབས་སུ་མི་མང་པོས་ངོས་ལ་ཧ་ཅང་དགའ་པོ་བྱེད་རྒྱུ་ནི། ང་ཚོས་ལྷག་བསམ་རྣམ་དག རྒྱབ་མདུན་ངོ་ལྐོག་མེད་པ་ཀུན་ལ་ཕན་ཞིང་བདེ་བ་ཞིག་ཡོང་རྒྱུ་ཞིག་བསམ་བློ་གཏོང་སྟབས་མི་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་འདུག དེར་བརྟེན་འདི་ངོས་ཀྱི་ཁྱད་ཆོས་གང་ཡང་མ་རེད། ང་ཚོ་བོད་མི་རིགས་ཀྱིས་ལོ་ངོ་སྟོང་ཕྲག་ལྷག་རིང་གཙོ་བོ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བྱམས་བརྩེ་བསྟན་པ་ཙམ་དུ་མ་ཟད། བྱམས་བརྩེའི་རྒྱབ་རྟེན་ལྟ་གྲུབ་ཟབ་པོ་ཞིག་གི་ཐོག་ནས་བཤད་ཀྱི་ཡོད། འདི་ལྟ་བུའི་ལྟ་གྲུབ་དེང་སྐབས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་ཐུབ་པ་ཞིག་དང་ཕན་ཚུན་བློ་སྐྱེད་ལེན་ཐུབ་པ་དེ་འདྲ་ཞིག་ཆགས་ཀྱི་འདུག 

འདི་ང་ཚོ་དངོས་གནས་བོད་མི་རིགས་ཀྱི་རིག་གཞུང་སྤོབས་པ་བྱེད་དགོས་རྒྱུ་ཞིག་རེད་འདུག འཛམ་བུ་གླིང་འདིའི་སྒང་ལ་ནང་པ་ཧ་ཅང་མང་པོ་ཡོད། དེ་ལྟ་བུའི་ལྟ་གྲུབ་རླིངས་པོ་དང་ཟབ་རླིངས། རྒྱ་ཆེན་པོ་དེ་འདྲ་ང་ཚོ་བོད་པར་མ་གཏོགས་མེད། དེ་ལྟ་བུས་ང་ཚོ་ཕ་མེས་ནས་མར་བྱས་ཏེ་དངོས་གནས་རྒྱུ་མཚན་ལྡན་པའི་ཐོག་ནས་བྱམས་བརྩེ་སྒོམ་རྒྱུའི་གོམས་གཤིས་ཡོད་པ་འདི་དེ་རིང་ཁ་སང་བོད་པ་གཅིག་པོས་ངོམ་རྒྱུ་དེ་འདྲ་མ་རེད། འཛམ་བུ་གླིང་སྤྱི་ལ་ཕན་ཐོགས་བྱེད་ཐུབ་རྒྱུའི་ནུས་པ་ཏན་ཏན་འདུག

དེ་འདྲ་ཡིན་དུས་ང་ཚོའི་སྙིང་སྟོབས་དེ་འདྲ་ཡོང་བཞིན་ཡོད་པ་འདི་ང་ཚོའི་བོད་པའི་རིག་གཞུང་ཐོག་ནས་ཡོང་གི་ཡོད། བོད་ཀྱི་རིག་གཞུང་འདི་སྔ་མོ་ཡིན་ན་བོད་མི་ས་ཡ་དྲུག་གི་སྡེ་འཁོར་དུ་ཡོད་པ་འདི་རེད། དེ་རིང་ཁ་སང་ཡིན་ན་བོད་ཀྱི་རིག་གཞུང་འདི་འཛམ་བུ་གླིང་སྤྱི་ལ་གང་ཙམ་ཕན་ཐོགས་བྱེད་ཐུབ་རྒྱུ་ཏན་ཏན་འདུག འདི་ངོས་ཀྱིས་འདེང་ཚོད་འཁེལ་གྱི་འདུག ང་ཚོ་ཚང་མར་བོད་དོན་ཐོག་སེམས་ཁུར་ཡོད་རེད། བོད་ནང་ཡོད་པའི་བོད་རྒྱ་ཆེའི་མི་མང་ཚོས་བོད་དོན་ཐོག་སེམས་ཁུར་ཡོད། སེམས་ཁུར་འདི་ཁོང་ཁྲོ་དང་མི་ལ་གནོད་པ་བསྐྱལ། དེ་འདྲས་བྱེད་རྒྱུའི་སྐད་ཆ་མ་རེད། ང་ཚོའི་སེམས་ཤུགས་འདི་བྱམས་བརྩེ་སྤེལ་རྒྱུ། སུ་ལ་ཡིན་ནའང་གྲོགས་པོ་བཟོ་རྒྱུ། དེ་འདྲས་གཅིག་གི་འོག་ནས་ང་ཚོའི་བདེན་མཐའ་ཏན་ཏན་གསལ་གྱི་རེད། གསལ་རྒྱུའི་ཆ་རྐྱེན་གཙོ་བོ་འདི་གོ་མཚོན་འཁྱེར་ནས་དོན་དག་སྒྲུབ་རྒྱུ་མ་རེད། རྒྱལ་ཁབ་ཆེན་པོ་ཚོའི་གྲས་གོ་མཚོན་འཁྱེར་ནས་དཀའ་ངལ་བསལ་རྒྱུའི་ཐབས་ཤེས་བྱས་འདུག་ནའང་དཀའ་ངལ་སེལ་ཐུབ་ཀྱི་འདུག་གམ།

བྱམས་བརྩེས་དཀའ་ངལ་བསལ་རྒྱུར་དུས་ཚོད་འགོར་གྱི་རེད། འོན་ཀྱང་བྱམས་བརྩེའི་ཐོག་ནས་དཀའ་ངལ་བསལ་རྒྱུ་ངོས་ཀྱིས་བདེན་ཚིག་སྨོན་ལམ་ནང་ལའང་བྲིས་པ་འདི་རེད། དངོས་གནས་བྱམས་བརྩེ་སྐྱེས། དེ་འདྲས་གཅིག་གི་ཐོག་ནས་བོད་ཀྱི་དཀའ་ངལ་ཆ་བཞག་ནའང་སེལ་ཐུབ་རྒྱུ་གཅིག་དང་། འཛམ་བུ་གླིང་སྤྱི་ལ་ཡིན་ནའང་ང་ཚོས་སྤོབས་པ་ཆེན་པོའི་ཐོག་ནས་མིག་དཔེ་སྟོན་ཐུབ་རྒྱུར་བསམ་བློ་གཏོང་དགོས།

ཁྱེད་རང་ཚོ་ཡིན་ནའང་ད་ལྟ་བར་དངོས་གནས་བོད་པར་ཤ་ཚ་དང་རྒྱབ་སྐྱོར་ཧ་ཅང་ཡག་པོ་རེད། ཆབ་སྲིད་དང་དཔལ་འབྱོར་གྱི་དཀའ་ངལ་ཐོག་ནས་སྐབས་རེ་བདེ་མ་བདེ་དེ་འདྲ་ཡོང་གི་ཡོད་ནའང་དངོས་གནས་ལྷག་བསམ་འཁྱེར་ནས་འཛེམས་སོན་མེད་པའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད། 

ཨ་རིར་ཆ་བཞག་ན་རང་དབང་ལྡན་པའི་འཛམ་གླིང་ཡོངས་ཀྱི་ཕལ་ཆེར་འགོ་ཁྲིད་ལྟ་བུ་ཆགས་ཡོད། ཨ་རི་ཧ་ཅང་གལ་ཆེན་པོ་རེད། དེའི་ནང་ནས་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་གློ་བུར་དུ་འདིར་སྐུ་མགྲོན་ལ་ཕེབས་པ་ཞིག་མ་རེད། ང་ཚོ་ལོ་མང་པོའི་གོང་ནས་ངོ་ཤེས་ཤིག་ཀྱང་རེད།   ཁོང་རྣམས་ང་ཚོའི་གྲོགས་པོ་དང་རྒྱབ་སྐྱོར་བ་བརྟན་པོ་ཞིག་ཡིན།  དེར་བརྟེན་དེ་རིང་ཁྱེད་རང་ཚོ་ཆེད་མངགས་ཕེབས་ནས་བོད་པ་ཚོར་གདུང་སེམས་མཉམ་སྐྱེ་དང་བདེན་པའི་རྒྱབ་སྐྱོར་གྱི་རྣམ་འགྱུར་བོད་རྒྱ་ཆེའི་མི་མང་གི་མདུན་དུ་སྟོན་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། 

གང་ལྟར་ངོས་རང་བཙན་བྱོལ་བ་ཆགས་ནས་ལོ་ ༥༨ ཕྱིན་པ་རེད། བཙན་བྱོལ་ལ་སླེབས་དུས་ལོ་ ༢༤ ཡིན། ད་ཆ་ལོ་ ༨༢ ལ་སླེབས་བཞིན་ཡོད། ཉམས་མྱོང་ཕྱོགས་བསྡོམས་བྱེད་ཡོང་དུས་ང་ཚོ་བོད་མི་རིགས་དངོས་གནས་མེས་པོ་ཚོས་དཀའ་ལས་བརྒྱབ་ནས་བོད་ཀྱི་རིག་གཞུང་དེ་འདྲ་ཞིག་བཙུགས་བཞག་པ་འདི་རིན་ཐང་བྲལ་བ་ཞིག་རེད་འདུག་བསམ་པ། ས་ོསོ་ཡིན་ནའང་དེ་འདྲའི་རིག་གཞུང་ཡོད་པའི་མི་རིགས་གཅིག་ནང་སྐྱེས་པ་འདི་སྐལ་པ་བཟང་པོ་ཞིག་ཡིན་བསམ་པ་དྲན་གྱི་ཡོད།

ད་དུང་ཚང་མས་ཧུར་ཐག་བྱེད་དགོས། དེ་ནས་གྲོགས་པོ་རྣམ་པ་ཚོར་གོང་དུ་ཞུས་ཟིན་པ་རེད། རྒྱ་ཟེར་དུས་ང་ཚོས་གྲོགས་པོའི་འདུ་ཤེས་འཛིན་ནས་ད་ལྟ་དཀའ་ངལ་ཡོད་པ་འདི་རྒྱ་ལ་ཕན་གྱི་མེད་ལ་བོད་ལའང་ཕན་གྱི་མེད། འདི་སེལ་དགོས་པ་ཞིག་རེད། དྲག་གནོན་བྱས་ནས་ལོ་དྲུག་ཅུ་ལྷག་ཕྱིན་པ་རེད། དཀའ་ངལ་དེ་སེལ་གྱི་མི་འདུག དྲག་གནོན་བྱས་ན་མིའི་སེམས་ནང་དོགས་པ་དང་འཇིགས་སྣང་སླེབ་ཀྱི་རེད། འཇིགས་སྣང་སླེབ་ན་འཆམ་མཐུན་ཡོང་གི་མ་རེད། འཆམ་མཐུན་མེད་ན་དཀའ་ངལ་སེལ་ཐུབ་ཀྱི་མ་རེད། བོད་མི་རིགས་རྩ་མེད་བཟོ་བ་ཟེར་རྒྱུ་ནི་ཧ་ཅང་ཁག་པོ་རེད། བོད་མི་རིགས་གནས་རྒྱུ་རེད།  གནས་པའི་རིང་ལ་འཆམ་མཐུན་བྱུང་ན་བརྟན་ལྷིང་ཡོང་གི་རེད། བརྟན་ལྷིང་བྱུང་ན་རྒྱ་བོད་གཉིས་ཀར་ཕན་གྱི་ཡོད། དེ་རིང་འདིར་ང་ཚོ་གཅིག་ཚོགས་ནས་རྒྱ་མི་རིགས་ལ་ངོ་རྒོལ་བྱེད་ཀྱི་ཡོད་པའི་བཟོ་འདྲ་བོ་དེ་འདྲ་རྩ་བ་ཉིད་ནས་མ་རེད། རྒྱའི་གསར་འགྱུར་ཁག་ནང་ཨ་རིའི་ལོག་སྤྱོད་པ་དེ་ཚོ་ཏཱ་ལའི་ལོག་སྤྱོད་པ་དང་མཉམ་དུ་ལག་འབྲེལ་བྱེད་ཀྱི་འདུག་ཅེས་དེ་འདྲ་བཤད་ངེས་རེད། དོན་ངོ་མ་འདི་མ་རེད། ང་ཚོ་ངོས་ནས་རྒྱ་མི་རིགས་ལ་གྲོགས་པོའི་འདུ་ཤེས་དང་། ལོ་རྒྱུས་ཐོག་ནས་ང་ཚོ་དམིགས་བསལ་འབྲེལ་བ་ཡོད་པ་དེ་འདྲའི་བསམ་བློ་དང་གཉིས་ཕན་གྱི་བསམ་བློ་བཏང་ནས་བྱེད་ཀྱི་ཡོད་རེད་མ་གཏོགས་དགྲ་དང་གཉེན་ཟེར་བའི་སྐད་ཆ་རྩ་བ་ཉིད་ནས་མ་རེད།

གོང་དུ་གསུང་བཤད་གནང་མཁན་ཁྱེད་རང་ཚོ་ཚང་མས་དངོས་གནས་སེམས་འགུལ་ཐེབས་རྒྱུའི་གསུང་བཤད་གནང་བ་དེ་འདྲ་བྱུང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་ང་ཚོ་མང་གཙོའི་ལམ་གྱི་ཐོག་ནས་འོས་བསྡུ་བྱས་ཏེ་ཡར་བསླེབས་པའི་སྲིད་སྐྱོང་མཆོག་གིས་གསུང་བཤད་ཧ་ཅང་ཡག་པོ་གནང་སོང་། ཐུགས་རྗེ་ཆེ་ཟེར་གྱི་ཡིན། ང་ཚོ་བོད་སྐད་ཐོག་སྲིད་སྐྱོང་ཟེར་རྒྱུ་འདི་ཏག་ཏག་འགྲོ་གི་ཡོད། ཨིན་ཇིའི་ཚིག་ཐོག་ Political Leader ཟེར་རྒྱུ་ལྟ་བུ། སྐབས་རེ་མང་པོ་ཞིག་གིས་ Prime Minister ཟེར་རྒྱུ་དེ་འདྲ་བཤད་ཀྱི་འདུག འདི་ཆབ་སྲིད་ཀྱི་གནས་ཚུལ་ཆགས་ཀྱི་འདུག འདི་ལས་ President བརྗོད་པ་ཡིན་ན་སློབ་གྲྭའི་གཙོ་འཛིན་ལ་གོ་རྒྱུ་ཡོད། གང་ལྟར་སྐྱིད་སྡུག་ཚོགས་པ་འདྲ་མིན་ལ་ President ཟེར་རྒྱུ་འདི་གོ་རྒྱུ་འདུག ལོ་ཤས་ནས་ང་ཚོ་བསམ་བློ་བྱུང་བ་རེད། དེ་འདྲའི་སྐད་ཆ་ཕྲན་བུ་བྱུང་བ་རེད། བར་སྐབས་ཨིན་ཇིའི་ཚིག་ནང་ཚིག་མང་པོ་འགྲེལ་བཤད་མི་དགོས་པར་ President བརྗོད་པ་ཡིན་ན། ང་ཚོ་འདིར་སྒྲིག་འཛུགས་ཤིག་ཡོད། སྒྲིག་འཛུགས་འདིའི་ President ཞེས་བརྗོད་པ་ཡིན་ན་མ་འགྲིག་པ་གང་ཡང་མི་འདུག ང་ཚོ་དེ་ལྟར་སྐད་ཆ་བྱུང་བ་རེད།   དེ་ནས་དེ་རིང་འདིར་ང་ཚོའི་གྲོས་ཚོགས་ཀྱི་ཚོགས་གཙོས་ཨིན་ཇིའི་གསུང་སྐད་ཐོག་གསུང་བཤད་གནང་བར་ཧ་ཅང་དགའ་པོ་བྱུང་ཐུགས་རྗེ་ཆེ་ཞུ་གི་ཡིན། ཞེས་བཀའ་སློབ་སྩལ།།

Share with your friends










Submit