མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

བལ་ཡུལ་དུ་གནས་སྡོད་བོད་མི་བཙན་བྱོལ་བ་རྣམས་ཁྲིམས་མཐུན་དེབ་སྐྱེལ་གནང་རོགས།

༢༠༡༧ ཟླ་ ༥ ཚེས་ ༡༧ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༦ རེས་གཟའ་མིག་དམར་ཉིན་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་སྣེ་འཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་རྣམ་པས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་གསར་འགོད་ལྷན་ཚོགས་ཐོག་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་  Jim McGovern མཆོག་གིས་གསུང་བཤད་གནང་དོན།

ལྕམ་སྐུ་པེ་ལོ་སི་མཆོག་གིས་ང་རང་ཐེངས་འདིར་ཕྱོགས་བསྐྱོད་ནང་མཉམ་ཞུགས་གནང་རྒྱུའི་གོ་སྐབས་གནང་བ་དེར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཕྱི་ལོ་ ༢༠༡༥ ཟླ་ ༡༡ ནང་ངས་ལྕམ་སྐུ་མཆོག་དང་དེ་བཞིན་གྲོས་ཚོགས་འཐུས་མི་ལྕམ་སྐུ་བྷེ་ཊི་མེག་ཀ་ལམ་ Betty McCollum མཆོག  ལྕམ་སྐུ་ཇོ་སི་བྷི་ཊི་ Joyce Beatty མཆོག་བཅས་དང་ལྷན་རྒྱ་ནག་ཏུ་ཕྱིན་པ་ཡིན། སྐབས་དེར་རྒྱ་ནག་གཞུང་གིས་ང་ཚོ་བོད་དུ་འགྲོ་རྒྱུའི་ཆོག་མཆན་གནང་བྱུང་བར་ཏོག་ཙམ་ཡ་མཚན་སྐྱེས་བྱུང་། འོན་ཀྱང་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་བརྗོད་ན་རྒྱ་ནག་གཞུང་ནས་ཨ་རིའི་གྲོས་ཚོགས་འཐུས་མི་བོད་དུ་འགྲོ་རྒྱུར་གཏུད་མར་དམ་བསྒྲགས་བྱས་ཡོད། ངས་དེ་ནི་རྒྱ་ནག་གཞུང་གིས་༸གོང་ས་མཆོག་དང་བོད་མིའི་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་པའི་རེ་བ་ཞུ་བཞིན་ཡོད། འོན་ཀྱང་བློ་ཕམ་པ་ཞིག་ལ་བོད་ནང་གི་གནས་སྟངས་དང་བོད་མི་བྲོས་བྱོལ་བའི་དཀའ་ངལ་དེ་མུ་མཐུད་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དེར་བརྟེན་ཐེངས་འདིར་ང་ཚོ་བཞུགས་སྒར་དུ་བཅར་བ་དེ་ནི་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་མ་གསལ་བར་ཡལ་འགྲོ་རྒྱུ་ཞིག་རྩ་བ་ཉིད་ནས་མིན་པའི་བརྡ་ལན་གཏོང་ཆེད་ཡིན།

ང་ཚོ་རྡ་རམ་ས་ལར་འབྱོར་སྐབས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གཙོས་བོད་མི་སྟོང་ཕྲག་མང་པོས་མཛའ་བརྩེའི་རྣམ་པའི་ཐོག་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པར་ཆེ་མཐོང་ཧ་ཅང་ཐོབ་པ་ཞིག་བྱུང་། རྒྱ་ནག་གཞུང་གི་དྲག་གནོན་ལས་གཡོལ་ཆེད་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་པའི་བོད་མི་སྟོང་ཕྲག་མང་པོར་རྒྱ་གར་གཞུང་མང་གཉིས་ནས་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་ང་ཚོས་བཀའ་དྲིན་རྗེས་དྲན་དང་སྦྲགས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། ང་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་བཙན་བྱོལ་བ་རྣམས་རང་ཡུལ་དུ་ཕྱིར་༸ཞབས་སོར་འཁོད་གནང་མཛད་འཇུག་དགོས་པ་མ་ཟད། རྒྱ་ནག་གཞུང་ལ་ང་ཚོས་རེ་འདུན་ཞུ་རྒྱུར་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དབུ་ཁྲིད་པས་བོད་མི་བཙན་བྱོལ་བ་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་སྤྲད་པ་བརྒྱུད། བོད་དུ་ཕྱིར་ལོག་མཛད་འཇུག་དགོས་པ་མ་ཟད། བོད་མི་རྣམས་ལ་སོ་སོའི་མི་རིགས་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རང་དབང་ཐོག་ནས་སྲུང་སྐྱོབ་བྱ་རྒྱུའི་ཐོབ་ཐང་ཡང་འབུལ་དགོས། རྒྱ་ནག་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་བོད་མི་ཆབ་སྲིད་བཙོན་པ་ཡོངས་རྫོགས་མགྱོགས་མྱུར་གློད་བཀྲོལ་གཏང་དགོས།

རྒྱ་ནག་གཞུང་ལ་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུང་ཡང་སྲིད་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་མེད་པར་ང་ཚོས་ཡིད་ཆེས་བརྟན་པོ་བྱེད་བཞིན་ཡོད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཡང་སྲིད་ཐག་གཅོད་བྱ་རྒྱུའི་ལས་འགན་དེ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མི་ཁོ་ནར་ཡོད། ཐེངས་འདིར་ཕྱོགས་བསྐྱོད་སྐབས་ང་ཚོས་འབྲེལ་ཡོད་སྲིད་གཞུང་དང་དབུ་ཁྲིད་ཁག་ལ་བོད་རྒྱ་གྲོས་མོལ་མགྱོགས་མྱུར་བསྐྱར་གསོ་ཡོང་སླད་འབད་བརྩོན་གནང་རོགས། ཞེས་འབོད་སྐུལ་ཞུས་པ་ཡིན།

བལ་ཡུལ་ནང་མཚོན་ན་ང་ཚོས་ཡུལ་དེའི་སྲིད་བློན་མཆོག་དང་ཕྱི་སྲིད་བློན་ཆེན་མཆོག དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་སོགས་འབྲེལ་ཡོད་དབུ་ཁྲིད་ཚང་མ་དང་མཇལ་ནས་བོད་མི་རྣམས་ལ་ཐོབ་ཐང་ལག་འཁྱེར་དང་ཡིག་ཆ་སོགས་སྤྲད་པ་བརྒྱུད་ཁྲིམས་མཐུན་བཟོ་དགོས་པ་དང་། གལ་ཏེ་ཁྲིམས་མཐུན་ཐོག་ནས་བོད་མི་དེ་དག་གནས་སྡོད་ཆོག་པ་ཞིག་བཟོ་ཐུབ་པ་ཡིན་ན་ལས་ཀའི་གོ་སྐབས་ཐོབ་རྒྱུ་དང་ཚོང་འབྲེལ་གཉེར་ཆོག་རྒྱུ།  དེ་བཞིན་རྒྱལ་ཁབ་གཞན་ཁག་ཏུ་རང་དབང་ཐོག་ནས་འགྲིམ་འགྲུལ་བྱེད་ཆོག་པ་སོགས་ཡོང་ཐུབ།

ཨ་རིའི་གཞུང་གིས་རྒྱལ་ཁབ་གཞན་དང་མཉམ་རུབ་ཐོག་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་བོད་དོན་སྐོར་གླེང་སློང་ཡང་ཡང་གནང་ཐབས་གནང་རོགས་ཞུ་རྒྱུ་ཡིན།  ང་ཚོས་ཐེངས་འདིར་འཇར་མན་དུ་ཡུལ་དེའི་བདེ་སྲུང་སློབ་སྟོན་པ་མཆོག་དང་མཇལ་འཕྲད་ཞུས་ནས་བོད་དོན་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་ཞུས་པ་མ་ཟད།  སྦེལ་འཇམ་ཡུལ་དུ་རྟེན་གཞི་བྱས་པའི་ཡུ་རོབ་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་ལ་མཉམ་རུབ་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་བཏོན་པ་ཡིན།

དེ་བཞིན་ཨ་རིའི་གྲོས་ཚོགས་ནང་སྤྱི་མཐུན་དང་མང་གཙོ་ཚོགས་པ་ཐུན་མོང་ནས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་བཏོན་པ་མ་ཟད། ཨར་རྒྱ་ཡུལ་གཉིས་དབར་འདྲ་མཉམ་ཐོག་ནས་གོ་སྐབས་བརྗེ་ལེན་བྱ་རྒྱུའི་གྱན་རྒྱ་བཞག་པ་བརྒྱུད་ཨ་རིའི་ནང་རྒྱ་ནག་མི་སེར་རྣམས་ལ་རང་དབང་ཐོག་ནས་འགྲོ་འོང་བྱ་རྒྱུའི་ཐོབ་ཐང་ཡོད་པ་ལྟར། བོད་ནང་དུའང་ཨ་རིའི་གཞུང་གི་ལས་བྱེད་དང་གསར་འགོད་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་རང་དབང་ཐོག་ནས་འགྲོ་བསྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས། ང་ཚོས་སྲིད་འཛིན་ཊོམ་མཆོག་གིས་བོད་ཀྱི་གནད་དོན་དེ་གལ་ཆེའི་ནང་གི་དོན་ཆེར་བརྩི་ནས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་དགོས་པ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མགྱོགས་མྱུར་མཇལ་འཕྲད་གནང་ནས་བོད་ཀྱི་གནད་དོན་མགྱོགས་མྱུར་སེལ་ཐབས་གནང་རོགས་ཞུ་རྒྱུ་ཡིན།

དེ་བཞིན་རྒྱ་གར་དང་འཇར་མན་ནང་ང་ཚོས་ཚོང་པ་གྲགས་ཅན་མང་པོ་ཞིག་དང་ཐུག་ནས་རྒྱ་ནག་དང་ལྷན་ཡང་ཡང་བོད་ཀྱི་གནད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་དགོས་པའི་རེ་འདུན་བཏོན་པ་ཡིན།  ཚོང་གི་ཁེ་སང་དང་ཚོང་གི་འབྲེལ་ལམ་ལ་ཁག་དཀྲི་ནས་ཅི་ཡང་མི་སྨྲ་བར་བཞུགས་པ་དེས་འགྲིག་ཐབས་མེད། བོད་ནང་གི་གནས་སྟངས་གང་འདྲ་ཡོད་པ་ཤེས་བཞིན་དུ་ཞལ་བཙུམས་ནས་བཞུགས་པ་ཡིན་ན་རྒྱ་ནག་གཞུང་གི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་བྱེད་པ་དང་གཉིས་སུ་མེད།

ཁྱེད་རྣམ་པ་ཚོ་ལྟར་ངས་ཀྱང་རྒྱ་ནག་དང་ང་ཚོའི་དབར་འབྲེལ་བ་བཟང་པོ་ཞིག་བྱུང་ན་བསམ་པ་དྲན་བཞིན་ཡོད། ངས་རྒྱ་མི་རིགས་དང་རྒྱ་ནག་གི་ལོ་རྒྱུས།  རིག་གཞུང་བཅས་ལ་གུས་བརྩི་དང་བསྔགས་བརྗོད་ཞུ་བཞིན་ཡོད།  རྒྱ་ནག་ནི་འཛམ་གླིང་ནང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན།  འོན་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་དོགས་ཟོན་བྱ་རྒྱུ་མཚམས་འཇོགས་བྱེད་དགོས།  འཚེ་མེད་ཞི་བ་དང་བྱམས་བརྩེ།  དྲང་བདེན་གོང་མཐོར་གཏོང་གནང་མཛད་མཁན་འཇིག་རྟེན་སྐྱེས་བུ་ཀུན་གྱིས་དགའ་མོས་ཞུ་ཡུལ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུར་རྒྱ་ནག་གཞུང་གིས་ཞེད་སྣང་བྱེད་དགོས་པ་དེར་ང་རང་ཡ་མཚན་སྐྱེ་བཞིན་འདུག ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་ཁ་བྲལ་ནམ་ཡང་གཏང་རྒྱུ་མ་རེད།  ཁོང་ཚོས་རང་ཡུལ་བོད་དུ་ཕྱིར་ལོག་ནས་རང་གི་ཐུན་མིན་ཆོས་དང་རིག་གཞུང་འཛིན་སྐྱོང་བྱ་འདོད་ཁོ་ན་བྱེད་བཞིན་ཡོད།  རང་དབང་གི་ཉིན་མོ་དེ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།།

Share with your friends










Submit