མདུན་ཤོག » གསར་གནས། »

ཕྱི་རྒྱལ་མི་ཞིག་གིས་ཚུར་བོད་ཀྱི་ཆོས་དང་རིག་གཞུང་སོགས་འགྲེལ་བཤད་རྒྱག་དགོས་པའི་གནས་སྟངས་ཆགས་པ་ཡིན་ན་གཞོན་སྐྱེས་ཁྱེད་རང་ཚོ་ངོ་ཚ་ས་མ་རེད་དམ།

༢༠༡༧ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས ༡༨ ཉིན་འཛམ་གླིང་ཁྱོན་ཡོངས་ནང་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༠ སྲུང་བརྩི་ཞུ་བཞིན་པ་ལྟར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་འགྲེམས་སྟོན་ཚན་པས་གོང་ཚེས་ཉིན་ནས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་འགྲེམས་སྟོན་ཁང་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་སྲུང་བརྩི་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་།  རྡ་ཤོད་དང་རྡ་སྟེང་བོད་ཁྱིམ་གྱི་སློབ་སྤྱི། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ། རྡ་ཤོད་བོད་ཁྱིམ་གྱི་སློབ་ཕྲུག་ཁག་གཅིག གཞན་ཡང་ཕྱི་ནང་གི་གསར་འགོད་པ་བཅས་ཁྱོན་མི་གྲངས་ ༥༠ ལ་ཉེ་བ་ཞིག་མཉམ་འཛོམས་ཀྱིས་ཐོག་མར། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་དབུ་འབྱེད་གནང་རྗེས། བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་འཕྲལ་སེལ་འགྲེམས་སྟོན་བརྗོད་གཞི་བོད་ས་བཟུང་བ།  ཞེས་པའི་སྐོར་ངོ་སྤྲོད་གནང་རྗེས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན།

སྤྱིར་འཇིག་རྟེན་གྲགས་ཚོད་ལ་རང་ཉིད་ཀྱིས་དངོས་སུ་མྱངས་པའི་ལོ་རྒྱུས་དེ་གཞན་ལ་བརྗོད་སྐབས་སྒྲོ་བཏགས་དང་བཀུར་འདེབས་སྤངས་པའི་གཏམ་ཞིག་ཡིན་ཡང་གཞན་གྱིས་དེ་འདྲ་རང་ཨེ་ཡིན་བསམས་པ་དང་། ཡང་ན་གྲངས་ཀ་དེ་ཙམ་མང་པོ་ཨེ་ཡིན་ཟེར་བ་ལྟ་བུ་དོགས་གཞི་ཅན་གྱི་གནས་ཚུལ་ཞིག་ལ་བརྩི་སྲོལ་ཡོད་པ་ནི་འགྲོ་སྟངས་ལྟ་བུ་ཆགས་ཡོད། 

འོན་ཀྱང་རིམ་པས་ཡིག་ཆ་ཕྱོགས་སྒྲིག་བྱས་ནས་ཁུངས་སྐྱེལ་ཡོང་སྐབས་ཡིད་ཆེས་མ་བྱེད་ཐབས་མེད་ལྟ་བུ་ཆགས་བཞིན་ཡོད།   དཔེར་ན་ཇེའུ་མི་རིགས་བཙན་བྱོལ་ལ་འབྱོར་བའི་སྐོར་བཤད་པ་དེ་བདེན་པ་ཆགས་པ་རེད། དེ་བཞིན་ཀེམ་བྷོ་ཌི་ཡའི་ Cambodia གཅིག་བསྡུས་དབང་འཛིན་པ་པོལ་པོཊ་  Pol Pot  ཁོ་པའི་སྐབས་ལ་མི་འབུམ་ཕྲག་མང་པོ་དམར་གསོད་བཏང་བ་རེད།  འོན་ཀྱང་གནས་ཚུལ་དེ་དག་ཕྱི་ལ་བརྗོད་སྐབས་ཐོག་མར་གཞན་ཚོས་ཡིད་ཆེས་དེ་ཙམ་མ་བྱེད་པར།    ཁྱེད་རང་ཚོ་དང་པོལ་པོཊ་འགལ་ཟླ་ཡིན་སྟབས་འཁྱོག་བཤད་བྱེད་ཚུལ་བཤད།  འོན་ཀྱང་ཡུལ་དེ་ནས་རྒྱལ་ཁབ་གཞན་དུ་བྲོས་བྱོལ་ཡོང་མཁན་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་གནས་ཚུལ་དེ་ལྟར་བཤད་ཡོང་སྐབས་མཐར་གནས་ཚུལ་དེ་དག་ལ་གཞན་གྱིས་ཡིད་ཆེས་བསླེབས་པ་ཞིག་ཆགས་ཐུབ་པ་རེད། དོན་དངོས་སུ་པོལ་པོཊ་ཁོ་པ་དངོས་གནས་གདུག་རྩུབ་ཧ་ཅང་ཆེན་པོ་ཞིག་བྱུང་འདུག  དེ་ནི་ཁྱེད་རྣམ་པས་དེང་སང་ཀེམ་བྷོ་ཌི་ཡའི་འགྲེམས་སྟོན་ཁང་ནང་མི་བསད་པའི་མི་རོ་ཁྲི་ཕྲག་མང་པོ་འགྲེམས་སྟོན་བྱས་པ་ལས་ཤེས་ཐུབ།  དེ་བཞིན་ཝི་ཏི་ནམ་ Vietnam དམག་འཁྲུག་སྐབས་ལ་མི་ག་ཚོད་ཤི་ཡོད་མེད་ཀྱི་གྲངས་ཐོར་ཐོག་མར་རྩོད་གཞི་བྱུང་ཡོད། རྗེས་སུ་བཙན་བྱོལ་ལ་འབྱོར་མཁན་ཚོས་བཤད་པ་དེ་དག་བདེན་པ་ཆགས་ཡོད།

དེར་བརྟེན་ང་ཚོ་བོད་མི་ཚོས་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ད་བར་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་པ་དང་།  དེའི་ཁྲོད་ནས་མང་པོ་ཞིག་ལྟོགས་ཤི་ཐེབས་པ་དང་རང་ཤི་བརྒྱབ་པ་སོགས་བྱུང་ཡོད་ཅེས་བརྗོད་སྐབས།  གཞན་གྱིས་མི་ཤི་བའི་གྲངས་འབོར་ས་ཡ་གཅིག་དང་འབུམ་གཉིས་ཟེར་བ་དེ་ཁྱེད་རང་ཚོ་བཙན་བྱོལ་བ་ཡིན་སྟབས་གྲངས་འབོར་དེ་ཙམ་མང་པོ་བརྗོད་པ་དེར་ང་ཚོས་ཡིད་ཆེས་བྱེད་དཀའ།  གང་ཡིན་བརྗོད་ན་བོད་ཀྱི་མི་འབོར་ས་ཡ་དྲུག་ལས་མེད་པས་ས་ཡ་གཅིག་དངའབུམ་གཉིས་མེད་པ་ཆགས་པ་རེད་ཟེར་ན་གང་ཟེར་གྱི་ཡོད།  ཅེས་བོད་མི་ཤི་བའི་གྲངས་འབོར་དེར་རྩོད་གླེང་བྱེད་བཞིན་ཡོད།   དེར་བརྟེན་བདེན་པ་ཡིན་པ་དེ་ང་ཚོས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ་དགོས། དེ་ལྟར་བྱེད་པར་ཡང་ན་ང་ཚོས་དངོས་སུ་བོད་ནང་བསྐྱོད་ནས་ཞིབ་འཇུག་བྱེད་དགོས། ཡང་ན་རྒྱལ་སྤྱིའི་ཐོག་ནས་ཞིབ་འཇུག་བྱེད་པ་བརྒྱུད་རིམ་པས་ང་ཚོས་ཁུངས་སྐྱེལ་དགོས་ཀྱི་ཡོད། ཁུངས་སྐྱེལ་ར་སྤྲོད་མ་ཐུབ་པར་གྲངས་ཐོ་དེ་རྩོད་གཞི་ཅན་ཞིག་ཏུ་གནས་རྒྱུ་རེད།  འོན་ཀྱང་ང་ཚོའི་ངོས་ནས་འགྲེམས་སྟོན་བརྒྱུད་མུ་མཐུད་འབད་བརྩོན་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད།

གང་ཡིན་བརྗོད་ན། རྒྱ་ནག་གིས་བོད་ནང་ལ་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ཚུལ་དང་།  བོད་མི་ཚོས་གུང་ཁྲན་དམག་ལ་དགའ་བསུ་ཆེན་པོས་ཕེབས་བསུ་ཞུ་སྐོར་སོགས་འཁྱོག་བཤད་བྱས་དང་བྱེད་མུས་ཡིན་སྟབས།  ང་ཚོས་དེ་ལས་ལྡོག་སྟེ་དངོས་ཡོད་གནས་ཚུལ་ལ་རྒྱ་ནག་གཞུང་གིས་བོད་མི་ཧ་ཅང་མང་པོ་དམར་གསོད་བཏང་ཡོད་སྐོར་བཤད་པ་དེ་དག་ང་ཚོས་ལོ་རྒྱུས་ཀྱི་རྒྱབ་རྟེན་ལ་གཞི་བཅོལ་ནས་ཁུངས་སྐྱེལ་བྱེད་རྒྱུ་དང་། ཡང་ན་འགྲེམས་སྟོན་ཁང་བརྒྱུད་ནས་ཁུངས་སྐྱེལ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། 

ཕྱི་དྲིལ་གྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཉེ་ཆར་ཨ་རིའི་ཝ་ཡོ་མིང་མཐོ་སློབ་ཏུ་ Wyoming University འགྲེམས་སྟོན་གྱི་ལོ་རྒྱུས་དང་འགྲེམས་སྟོན་སྐོར་མཁས་པ་ཁག་གཅིག་དང་ལྷན་གོ་བསྡུར་གནང་སྟེ་འཆར་གཞི་ཞིག་འགྲོ་མུས་ཡིན། དམིགས་ཡུལ་གང་ཙམ་ཆེན་པོ་རེད། རབ་བྱུང་ན་ཟླ་བ་བཅུ་གཉིས་སམ་བཅོ་བརྒྱད་ནང་ཚུད་ལ་ཚར་ཐབས་བྱེད་བཞིན་ཡོད། འདིར་གཞོན་སྐྱེས་གང་ཙམ་ཕེབས་འདུག དེར་བརྟེན་འགྲེམས་སྟོན་གལ་ཆེན་པོ་ཡིན་པ་མཁྱེན་དགོས།

ང་རང་འགྲེམས་སྟོན་ཁང་ཁག་ཏུ་བཅར་བའི་སྐབས་སུ་སེམས་ནང་སྤྲོ་སྣང་དང་འཇིགས་སྣང་གཉིས་ཀ་ཡོང་གི་འདུག འགྲེམས་སྟོན་ཁང་ཁག་ཏུ་བཅར་བའི་སྐབས་སུ་སེམས་ནང་སྤྲོ་སྣང་ཡོང་གི་འདུག་ཀྱང་། ང་ཚོ་བོད་ཀྱི་དཔལ་ཡོན་དང་། རིག་གནས། སྒྱུ་རྩལ་སོགས་མཐར་འགྲེམས་སྟོན་ཁང་དུ་སྒྲིག་གཤོམ་བྱ་རྒྱུ་ལྟ་བུ་ཞིག་ཆགས་པ་ཡིན་ན་ཧ་ཅང་བློ་ཕམ་རེད། 

འདི་ག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་འདི་ཉིད་ད་ལྟའི་ཆར་བོད་མིས་སྟངས་འཛིན་བྱེད་ཀྱི་ཡོད། མ་འོངས་པར་བོད་ཀྱི་ལོ་རྒྱུས་དང་། གོམས་གཤིས། དགོན་པ་སོགས་ཀྱི་སྐོར་ཕྱི་རྒྱལ་མི་ཞིག་གིས་ངོ་སྤྲོད་གནང་བ་ཡིན་ན་གཞོན་སྐྱེས་ཁྱེད་རང་ཚོ་ངོ་ཚ་ས་མ་རེད་དམ།  དེར་བརྟེན་འགྲེམས་སྟོན་ཁང་ཁག་ཏུ་ཕྱིན་པའི་སྐབས་སུ་དམ་བཅའ་གང་གཞག་དགོས་རེད་ཅེ་ན། བོད་འདི་རྒྱལ་སྤྱིའི་འགྲེམས་སྟོན་ཁང་གི་ཆ་ཤས་ཤིག་མ་ཆགས་པའི་འབད་བརྩོན་དང་། རྒྱ་ནག་གཞུང་གིས་བོད་རྒྱལ་ཁབ་འདི་རྒྱ་སྡེ་དང་། བོད་མི་རྣམས་རྒྱ་རིགས་བསྒྱུར་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོས་དེ་ལྟར་མ་ཆགས་པ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་གསུང་བཤད་གནང་།།

Share with your friends










Submit