མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

པོ་ཏཱ་ལའི་༸རྒྱལ་བའི་གཟིམ་ཆུང་ནང་ང་ཚོ་བཞིས་ཁས་ལེན་དམ་བཅའ་བཞག་ཡོད།

༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པའི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རྭའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་དང་མང་གཙོ་ཚོགས་པའི་དབུ་ཁྲིད་ལྕམ་སྐུ་ནེན་སི་པི་ལོ་སི་ Nancy Pelosi མཆོག་གིས་གསུང་བཤད་གནང་དོན།

ངས་རྣམ་པ་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།  ༸གོང་ས་མཆོག་གི་སྐུ་མདུན་དུ་ཡར་ལངས་ནས་སྐད་ཆ་ཤོད་རྒྱུའི་གོ་སྐབས་ཐོབ་པ་འདི་ནི་ངས་དུས་རྟག་ཏུ་གོ་སྐབས་ཧ་ཅང་དམིགས་བསལ་བ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་དེ་རིང་ངའི་སེམས་ནང་ཆེ་མཐོང་དང་དགའ་ཚོར་ཆེན་པོ་ཐོབ་པའི་ཚོར་སྣང་ཞིག་ཡོང་བཞིན་འདུག

ང་ཚོ་འདིར་ཨ་རིའི་ས་ཕྱོགས་གང་ས་ནས་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཅར་ཐུབ་པར་དགའ་སྤོབས་ཧ་ཅང་བྱུང་།  སྡིངས་ཆའི་ཐོག་ང་རང་གཅིག་པུས་སྐད་ཆ་ཤོད་རྒྱུ་མིན། དེར་བརྟེན་ངས་གྲོས་ཚོགས་འཐུས་མི་གཞན་ཚོའང་འདིར་འབོད་འགུགས་ཞུས་ཏེ་ང་དང་ལྷན་བཞུགས་རོགས་གནང་ཞུ་རྒྱུ་ཡིན།  ངས་གོང་དུ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཞོན་སྐུ་ཞབས་ཇིམ་སེན་སེན་བྷར་ནར་ Jim Sensenbrenner མཆོག་གིས།  བོད་མིའི་མངོན་འདོད་ལ་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་ཐུན་མོང་གིས་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་གསུང་པ་དེར་མོས་མཐུན་ཆ་ཚང་ཞུ་བཞིན་ཡོད།ཅེས་གསུང་རྗེས་སྡིངས་ཆའི་སྟེང་ཡར་སྐུ་བཞེངས་གནང་བའི་གྲོས་ཚོགས་འཐུས་མི་གཞན་དྲུག་པོ་རྣམས་རེ་རེ་བཞིན་མང་ཚོགས་ལ་ངོ་སྤྲོད་གནང་རྗེས་མུ་མཐུད་གསུང་དོན། གོང་དུ་གླུ་གཞས་བཏང་བ་དེ་ནི་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་གྲངས་ ༡༡༣ བར་༸སྐུ་འཚོ་བཞུགས་མཛད་རྒྱུའི་གསོལ་འདེབས་ཞུས་པའི་སྐོར་ཞིག་ཡིན་པ་ང་ཚོ་ཚང་མས་ཤེས་བཞིན་ཡོད།  དེར་བརྟེན་བསྟོད་གླུ་དེ་པེ་ཅིང་སྲིད་གཞུང་ལ་གཏམ་བཟང་ཞིག་ཆགས་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད།   ཅེས་ཞལ་ཤོབ་གནང་རྗེས་གསུང་དོན།

དེ་རིང་ང་ཚོ་ཚང་མ་འདིར་འཛོམས་དགོས་དོན་གཙོ་བོ་ནི།  འགྲོ་བ་མི་རིགས་སྤྱིའི་བདེ་དོན་སླད་དགོངས་པ་གཏིང་ཟབ་བཞེས་གནང་མཛད་མཁན། ཀུན་གྱིས་རེ་ལྟོས་འཆའ་འོས་པ།  བྱམས་བརྩེའི་བདག་ཉིད་ཅན་གྱི་སྐྱེས་བུ་༸གོང་ས་ཏཱ་ལའི་བླ་མ་མཆོག་ལྟ་བུར་ཆེ་བསྟོད་ཞུ་ཆེད་ཡིན། ང་ཚོ་འདིར་༸སྐུ་ཉིད་མཆོག་མཇལ་ཁ་ཞུ་བར་བཅར་ཡིན། ༸སྐུ་ཉིད་མཆོག་གིས་འགྲོ་བ་མིའི་གཞི་རྩའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་སྟབས་དེར་ཐུགས་རེ་མཛད་བཞིན་པ་དེས་ང་ཚོར་སྙིང་སྟོབས་སྐྱེ་བཞིན་འདུག

བོད་དང་རྒྱ་གར། དེ་བཞིན་བལ་ཡུལ་སོགས་ནང་ཡོད་པའི་བོད་མི་ཚོ་དང་མཇལ་སྐབས་རང་གི་མི་རིགས་ཀྱི་ཐུན་མིན་ཁྱད་ཆོས་དེ་དག་སྲུང་སྐྱོབ་ཐོག་རྒྱུན་འཛིན་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསལ་རྟོགས་ཐུབ་པ་མ་ཟད།  ཁ་སང་ང་ཚོ་བོད་ཁྱིམ་སློབ་གྲྭར་བསྐྱོད་སྐབས་སློབ་ཕྲུག་ཚོའི་བསམ་བློའི་ཞེ་ཕུགས་དེར་ཉིན་གཅིག་ཁོང་ཚོ་རང་ཡུལ་བོད་ལ་ལོག་ཐུབ་རྒྱུ་རེད་སྙམ་པའི་རེ་བ་བྱེད་བཞིན་འདུག  ཕྱོགས་མཚུངས་ཁ་སང་བོད་ཀྱི་ཟློས་གར་དང་དེ་རིང་འདིར་སླར་ཡང་རིག་གཞུང་འཁྲབ་སྟོན་དེ་དག་ལ་ལྟ་སྐབས་བོད་ཀྱི་རིག་གཞུང་འཁྲབ་སྟོན་བསྲེས་ལྷད་མེད་པའི་ཐོག་ནས་སླར་བོད་ནང་དུ་ཉམས་གསོ་གནང་ཐུབ་པའི་ཡིད་ཆེས་གནང་བཞིན་ཡོད་པ་གསལ་པོ་རེད།

འདིར་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག དེ་བཞིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མཆོག་མཇལ་སྐབས་བོད་ནང་རང་དབང་སླར་གསོ་ཡོང་ཐུབ་རྒྱུ་ཡིན་པའི་རེ་བ་ཞིག་ངང་གིས་མཐོང་ཐུབ། ཅེས་གསུང་རྗེས་ཕྱི་ལོ་ ༢༠༡༥ ལོར་བོད་ནང་དུ་གཟིགས་སྐོར་ཕེབས་མཁན་གྲོས་ཚོགས་འཐུས་མི་གཞན་རྣམས་ངོ་སྤྲོད་གནང་བ་དང་སྦྲགས་གསུང་དོན།  ང་ཚོ་སྐུ་ཚབ་འཐུས་མི་བཞི་པོ་བོད་དུ་བསྐྱོད་སྐབས་ཕོ་བྲང་པོ་ཏཱ་ལའི་༸རྒྱལ་བའི་གཟིམ་ཆུང་ནང་ང་ཚོ་བཞིས་༸གོང་ས་ཏཱ་ལའི་བླ་མ་མཆོག་སླར་ཡང་གཟིམ་ཆུང་དེར་གདན་འདྲེན་ཞུ་མ་ཐུབ་བར་དུ་རང་ནུས་གང་ཡོད་ཀྱིས་འབད་བརྩོན་ཞུ་རྒྱུའི་ཁས་ལེན་དམ་བཅའ་བཞག་པ་ཡིན།  རྒྱ་ནག་གཞུང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོམས་ནས་བོད་དོན་རྒྱབ་སྐྱོར་བ་ཚོར་གནོན་ཤུགས་སྤྲོད་ཐབས་བྱེད་བཞིན་ཡོད། གལ་ཏེ་ང་ཚོས་རྒྱ་ནག་གི་དཔལ་འབྱོར་གྱི་གནོན་ཤུགས་ལ་བརྟེན་ནས་བོད་དང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཐོག་དམ་བསྒྲགས་བྱེད་བཞིན་པ་དེར་ངོ་རྒོལ་མ་བྱས་ཚེ་ང་ཚོས་འཛམ་གླིང་ས་ཕྱོགས་གཞན་གང་དུའང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སྐོར་ལ་སྐད་ཆ་ཤོད་རྒྱུའི་བཟང་སྤྱོད་ཀྱི་ཐོབ་ཐང་དེ་རང་བཞིན་གྱི་བརླག་རྒྱུ་རེད།  དེར་བརྟེན་ང་ཚོས་བོད་དོན་རྒྱབ་སྐྱོར་མཚམས་འཇོག་ནམ་ཡང་བྱེད་ཀྱི་མ་རེད།

ང་ཚོ་བོད་དུ་བསྐྱོད་སྐབས་རྒྱ་ནག་གཞུང་གིས་ང་ཚོས་བོད་མིའི་ཆོས་དད་རང་དབང་ལ་བརྩི་བཀུར་ཞུ་བཞིན་ཡོད། ང་ཚོས་དགོན་པའི་ཐོག་ཁེབས་སོགས་བཟོ་བཅོས་བརྒྱབ་པ་དང་དཀར་རྩི་བཏང་ཡོད། ཅེས་བརྗོད་སྐབས་ང་ཚོས་སྐབས་དེར་བོད་མི་ཚོར་རང་གི་ཐུན་མིན་རིག་གཞུང་དང་ཆོས་དད་རང་དབང་སྤྲོད་དགོས་པ་ལས་དགོན་པའི་ཐོག་ཙམ་ཡར་རྒྱས་གཏང་མིན་ལ་ང་ཚོས་ངོ་མཚར་བསྐྱེད་མ་བྱུང་། ཞེས་ལན་བརྒྱབ་པ་ཡིན།   རྒྱ་ནག་གི་དཔོན་རིགས་ཚོའི་བློ་ཡུལ་དུ་ཤོང་དཀའ་བའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་ཐོབ་ཐང་འདི་ང་ཚོའི་བློ་ཡུལ་དུ་མེད་ན་མེད་ཐབས་གཅིག་ཆགས་ཡོད།  དེར་བརྟེན་ད་ཆ་བློ་ཡུལ་དུ་ཤོང་དཀའ་བ་དང་མེད་ན་འགྲིག་ཐབས་མེད་པའི་དངོས་འགལ་གྱི་ཆོས་གཉིས་དབར་གྱི་བར་ཐག་དེ་ཉུང་དུ་གཏོང་རྒྱུའི་དུས་ལ་བབ་ཡོད།  ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།