མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་མཇལ་འཕྲད་དང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མགྱོགས་མྱུར་བསྐོ་གཞག་གནང་རོགས།

༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་གྲོས་ཚོགས་འཐུས་མི་རྣམས་དབུ་བཞུགས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་མཛད་སྒོར་གསུང་བཤད་གནང་དོན། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་གངས་ཅན་ལྗོངས་ཀྱི་བླ་སྲོག་ཡིན། བོད་མི་ཚོས་ཁོང་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་པ་སྤྱན་རས་གཟིགས་མིའི་ཤ་ཚུགས་སུ་བྱོན་པ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། .འཕགས་པ་སྤྱན་རས་གཟིགས་ནི་མེ་ཏོག་གང་ལ་ཕོག་པའི་བོད་མིའི་ལྷ་སྐལ་ཡིན་སྟབས། བོད་མི་རྣམས་དུས་རྟག་ཏུ་རྗེས་སུ་འཛིན་པ་ལས་དུས་ནམ་ཡང་དོར་ཐབས་མེད། བོད་དང་བོད་མི་རྣམས་ཇི་སྲིད་ནམ་གནས་ཀྱི་བར་དུ་༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཀྱང་༸སྐུའི་ཕྲེང་བ་བར་མ་ཆད་པར་བྱོན་ནས་བོད་མིའི་མགོན་སྐྱབས་མཛད་པར་ངེས།

གོང་དུ་དགེ་བཤེས་མ་བཞི་གྲས་ནས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་ཡོད།  དགེ་བཤེས་མ་ཁོང་རྣམ་པ་རབ་བྱུང་ཕོ་ལྟར་གཞུང་ཆེན་བཀའ་པོད་ལྔར་ལོ་ངོ་མང་པོའི་རིང་གསན་བསམ་གནང་མཐར་དགེ་བཤེས་མའི་ཕྱག་འཁྱེར་བཞེས་གནང་ཡོད།  འདི་ལྟ་བུའི་བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་ཁྲོད་དགེ་བཤེས་མའི་ལམ་སྲོལ་ཐེངས་དང་པོ་གསར་གཏོད་མཛད་པ་ནི་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་ལས་བྱུང་ཐུབ་ཡོད།

འདི་ལོར་མཚོན་ནའང་རྒྱལ་ཡོངས་བོད་ཀྱི་བུད་མེད་ལྷན་ཚོགས་ཐེངས་དང་པོ་ཚོགས་ཏེ་བོད་མིའི་སྒྲིག་འཛུགས་ནས་བུད་མེད་ནུས་སྟོབས་གོང་སྤེལ་སྲིད་བྱུས་ལ་སྐྱར་ཞིབ་དང་སྦྲགས། ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༢ ཉིན་བོད་ཀྱི་བུད་མེད་ཉིན་མོར་སྲུང་བརྩི་ཞུ་རྒྱུའི་ལམ་སྲོལ་གསར་གཏོད་ཐུབ་པ་བྱུང་ཡོད། ལྷན་ཚོགས་མཇུག་བསྡོམས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ཡོད། སྤྱིར་མགོན་པོ་གང་ཉིད་མཆོག་ནི་དུས་རྟག་ཏུ་བུད་མེད་ཀྱི་ཐོབ་ཐང་ལ་རྒྱབ་སྐྱོར་ཤུགས་ཆེ་མཛད་མཁན་ཞིག་ཡིན་པ་མ་ཟད།  མགོན་པོ་གང་ཉིད་མཆོག་གི་ལམ་སྟོན་འོག་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཕྱི་ལོ་ ༡༩༦༣ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་བུད་མེད་ཀྱི་སྐུ་ཚབ་འཐུས་མི་ཐེངས་དང་པོར་ཕེབས་ཐུབ་པ་བྱུང་ཡོད།

རིམ་བཞིན་མཛད་རིམ་ལྟར་རྣམ་པ་ཚོས་བུད་མེད་ནུས་སྟོབས་གོང་སྤེལ་གྱི་གླུ་དབྱངས་གསན་གནང་མཛད་རྒྱུ་རེད།  འདིར་ཆེད་ཕེབས་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་རྣམ་པས་བོད་མིའི་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་གནས་སྟངས་ཇི་ཡོད་མཁྱེན་འདོད་ཡོད་པ་ངས་ཤེས་ཀྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བོད་པའི་བུད་མེད་ཀྱི་གནས་སྟངས་ཡག་ཐག་ཆོད་ཡོད་ཞུ་རྒྱུ་མ་ཟད།  འབྱུང་འགྱུར་ལས་འགུལ་རིམ་བཞིན་མདུན་བསྐྱོད་དང་སྦྲགས་གནས་སྟངས་དེ་བས་ཇེ་བཟང་དུ་འགྲོ་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད།  ངས་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ལའང་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་དང་།

ལྷག་པར་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་དང་གྲོས་ཚོགས་གོང་མའི་འཐུས་མི་རྒན་གྲས་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་མཆོག་རྣམ་གཉིས་ཀྱིས་དབུ་ཁྲིད་པའི་ཨ་རིའི་གྲོས་ཚོགས་ཀྱི་ཆེས་མཐོའི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམས་ལ་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་མ་ཟད།  གྲོས་ཚོགས་འཐུས་མི་ཨེ་ལོ་ཡི་ཊི་ཨེང་གལ་མཆོག་དང་ཇིམ་མེག་གྷོ་ཝན་མཆོག་སོགས་ལ་འཚམས་འདྲི་ཞུས་པ་དང་སྦྲགས། གྲོས་ཚོགས་འཐུས་མི་རྣམ་པ་རྡ་སར་ཕེབས་པ་དེས་གཞིས་ལུས་བོད་མི་རྣམས་ལ་རེ་བའི་བརྡ་ལན་ཤུགས་ཆེ་ཞིག་བཏང་ཡོད།   ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་བོད་མིར་ཁ་ཞེ་གཉིས་མེད་ཐོག་ནས་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ལྷག་པར་ལྕམ་སྐུ་ནེན་སི་པེ་ལོ་སི་ Nancy Pelosi མཆོག་གིས་དེ་སྔ་བོད་ནང་དུ་འཚམས་གཟིགས་སུ་ཕེབས་སྐབས་རྒྱ་ནག་དཔོན་རིགས་ཚོ་དང་གདོང་དང་གདོང་གཏུགས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཨ་རིས་གཙོས་འཛམ་གླིང་ས་ཕྱོགས་ཀུན་དུ་མང་ཚོགས་རྣམས་ཀྱིས་དགའ་མོས་ཆེན་པོ་ཞུ་ཡུལ་ཞིག་ཡིན་སྐོར་ར་སྤྲོད་གནང་བ་དེར་ང་ཚོས་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ལྕམ་སྐུ་མཆོག་ལ་མཚོན་ན། ཡུན་རིང་ནས་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད།  ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་ཐུགས་འདྲིས་ཧ་ཅང་ཆེ་བའི་གྲོགས་མོ་ཞིག་ཡིན།   ལྷག་པར་ལྕམ་སྐུ་པེ་ལོ་སི་མཆོག་གིས་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གསར་པ་འཚོལ་ཐབས་གནང་བའི་ཉེར་ལེན་ལ་བརྟེན་ནས་འདིར་མཚོན་ན།   ཇིམ་མཆོག་དང་། བྷེ་ཊི་ཝིལ་ཡེམ་སི་མཆོག  ཇུ་ཌི་ཅུ་མཆོག  པ་མི་ལ་མཆོག་ལྟ་བུ་གྲོས་ཚོགས་འཐུས་མི་ཁག་གཅིག་ཡོད། ཁོང་རྣམ་པ་ཚོས་མ་འོངས་པར་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལྟར་བོད་མིའི་བདེན་པའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་ང་ཚོར་ཡིད་ཆེས་ཡོད།  ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ལ་རང་དབང་ཁང་པས་ Freedom House གཟེངས་རྟགས་འབུལ་ལམ་ཞུས་པ་དེར་ངས་འཚམས་འདྲི་ཞུ་རྒྱུ་ཡིན།  སྐུ་ཉིད་མཆོག་གིས་བོད་མི་གཙོ་བོར་གྱུར་བའི་འཛམ་གླིང་ནང་གི་རང་དབང་དོན་དུ་འབད་བརྩོན་གནང་བ་བཅས་ལ་ངོས་འཛིན་ཐོབ་པ་ཞིག་ཡིན་སྟབས་གཟེངས་རྟགས་འདི་སྐུ་ཉིད་མཆོག་ལ་འོས་ཤིང་འཚམས་པ་ཞིག་རེད། ཅེས་དང་། གཞན་ཡང་རྒྱ་གར་གཞུང་མང་གཉིས་ནས་ད་བར་བཙན་བྱོལ་བོད་མི་རྣམས་ལ་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་དང་གནང་མུས་ཡིན་པར་སྲིད་སྐྱོང་མཆོག་གིས་བཀའ་དྲིན་རྗེས་དྲན་ཞུས་ཡོད།

ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་དུ་བོད་མི་ ༡༤༧ རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་གདོང་ལེན་གནང་ཆེད་རང་ལུས་མེར་སྲེག་བཏང་ནས་བོད་ནང་རང་དབང་དགོས་པ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་།  ཨ་རི་ལྟ་བུར་མཚོན་ན་སྲིད་འཛིན་ཕེ་རེངྐ་ལིན་རུ་སུ་ཝིལ་ཌི་མཆོག་ Franklin Roosevelt གི་དུས་སྐབས་ནས་བོད་ལ་རྒྱབ་སྐོར་གནང་བཞིན་ཡོད་པ་མ་ཟད།  ལྷག་པར་སྲིད་འཛིན་དམ་པ་ཁོང་ནས་༸གོང་ས་མཆོག་སྐུ་ན་ཕྲ་སྐབས་མགོན་པོ་གང་ཉིད་མཆོག་ལ་ཕྱག་རྟགས་སུ་ཕྱག་ཚོད་གཅིག་དང་ཕྱག་བྲིས་ཤིག་ཀྱང་ཕུལ་ཡོད་པ་དང་།  ཕྱི་ལོ་ ༢༠༠༢ ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་གཏན་འབེབས་གནང་ཡོད་པ་དང་། མགྱོགས་མྱུར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཐུབ་རྒྱུར་ང་ཚོས་རེ་བ་ཞུ་བཞིན་ཡོད། ད་བར་ཨ་རིའི་གཞུང་གིས་བོད་མི་རྣམས་ལ་དཔལ་འབྱོར་ཐོག་ནས་ཀྱང་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་སྟབས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

ཁྱེད་རྣམ་པས་བོད་མིར་རྒྱབ་སྐྱོར་གནང་བ་དེས་རྒྱ་ནག་གཞུང་ལ་དྲང་བདེན་དགོས་པའི་བརྡ་ལེན་ཤུགས་ཆེ་ཞིག་བཏང་བ་མ་ཟད། རང་དབང་ལ་རྒྱབ་སྐྱོར་ཡོད་པའི་བརྡ་ལན་ཞིག་འཛམ་གླིང་སྤྱི་ལ་བཏང་གནང་ཡོད།  ཁྱེད་རྣམ་པས་བྱིས་པས་གཙོས་བོད་མི་རྣམས་ཀྱི་མདོང་གི་འཛུམ་མདངས་ལ་གཟིགས་དང་།  འཛུམ་མདངས་དེ་དག་གཞིས་ལུས་བོད་མིའི་འཛུམ་མདངས་མཚོན་ཐུབ།

དེ་རིང་འདིར་སྐུ་ཞབས་རི་ཆར་ཌི་སྒེར་ Richard Gere མཆོག་ཕེབས་ཐུབ་མེད།  ཁོང་གི་ཡབ་དགུང་གྲངས་ ༩༥ ལ་ཕེབས་པར་བརྟེན་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་ཡོད།  འོན་ཀྱང་ཁོང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT གི་ཚབ་ཞུས་ནས་གྲོས་ཚོགས་འཐུས་མི་རྣམས་འདིར་ཕེབས་ཐུབ་རྒྱུར་མཐུན་འགྱུར་རོགས་རམ་དང་འབད་བརྩོན་ཧ་ཅང་གནང་ཡོད། ལོ་ལྔའི་གོང་ང་རང་ཝ་ཤིན་ཊོན་ཌི་སིར་ཡོད་སྐབས་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་དང་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་བཅས་དང་ལྷན་གནད་དོན་བརྒྱད་ཐོག་གོ་བསྡུར་ཞུས་པ་ཡིན། ད་ཆ་གནད་དོན་བརྒྱད་ལས་བདུན་ཆ་ཚང་ལག་ལེན་དོན་འཁྱོལ་བྱུང་སོང་།  དེས་གང་མཚོན་ཐུབ་ཀྱི་ཡོད་བརྗོད་ན་ཁྱེད་རྣམ་ནི་ཆབ་སྲིད་དབུ་ཁྲིད་གཞན་དང་མི་འདྲ་བར་ཁ་ཞེ་གཉིས་མེད་གནང་མཁན་ཞིག་ཡིན་པ་གསལ་སྟོན་གནང་ཡོད། གནད་དོན་བརྒྱད་པོ་དེའི་ཁྲོད་གཅིག་ནི་བོད་ནང་དུ་འཚམས་གཟིགས་སུ་ཕེབས་རྒྱུ་དེ་རེད། ལྕམ་སྐུ་མཆོག་གིས་དབུ་ཁྲིད་ནས་དེ་ལྟར་འཚམས་གཟིགས་ཕེབས་ཡོད།

ལྷོ་ཨ་ཕི་རི་ཀའི་སྲིད་འཛིམ་དམ་པ་སྐུ་ཞབས་ནེལ་སོན་མན་ཌེ་ལ་མཆོག་ Nelson Mandela ལྟ་བུར་མཚོན་ན་བཙོན་ཁང་ནང་ལོ་མང་དཀའ་སྡུག་མྱངས་མཐར་གློད་བཀྲོལ་བྱུང་ཡོད།  ཕྱོགས་མཚུངས་འབར་མའི་དབུ་ཁྲིད་ལྕམ་སྐུ་ཨང་སང་སུ་ཀི་ Aung San Suu Kyi  སོགས་ལའང་རང་དབང་ཐོབ་ནས་རང་ཡུལ་དུ་རང་དབང་བདེ་སྐྱིད་དཔལ་ལ་རོལ་བཞིན་པ་ལྟར་ཉིན་གཅིག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཀྱང་རང་དབང་ཐོག་ནས་བོད་དུ་ཕྱིར་༸ཞབས་སོར་འཁོད་ཐུབ་རྒྱུ་རེད། གང་ཡིན་བརྗོད་ན་ང་ཚོ་བོད་མི་རྣམས་ལ་ཁྱེད་རྣམ་པ་ལྟ་བུ་རྒྱབ་སྐྱོར་གནང་མཁན་ཡོད།  མཐའ་དོན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པ་དང་།  བོད་ནང་རང་དབང་བདེ་སྐྱིད་ཀྱི་ཉི་མ་མགྱོགས་ནས་མྱུར་དུ་འཆར་ནས་བོད་མི་ཙམ་མ་ཟད། རྒྱ་རིགས་ནང་པ་སོགས་ཀྱིས་གཙོས་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞུ་ཐུབ་པའི་སྨོན་མདུན་ཤུགས་དྲག་དང་བཅས་སླར་ཡང་འཚམས་འདྲི་ཞུ་རྒྱུ་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།