མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་ལ་གཙུག་ལག་ཁང་གི་རྟེན་གཙོ་སོགས་ངོ་སྤྲོད་མཛད།

Share with your friends










Submit

༢༠༡༧་ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༠ རེས་གཟའ་ལྷག་པ་ཉིན་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བར་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་བོད་མིའི་སྒྲིག་འཛུགས་ནས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ལ་དགའ་བསུའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་འབྲེལ་གྱི་མཛད་སྒོ་དབུ་འཛུགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ།

ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་ཞུའི་ལས་བྱེད་རྣམ་པ། སྡེ་ཚན་ཁག་གི་འགན་འཛིན་རྣམ་པ།   གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་དང་སེར་སྐྱ་མི་མང་། སློབ་ཕྲུག་སོགས་ཁྱོན་མི་གྲངས་སྟོང་ཕྲག་མང་པོ་འདུ་འཛོམས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་དབུ་འཁྲིད་རྣམ་པ་བོད་ཀྱི་ཟློས་གར་ཚོགས་པས་རོལ་དབྱངས་དང་བཅས་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་རར་གདན་ཞུས་ཀྱིས་ཚང་མས་སྐུ་བཞེངས་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་།

སྐབས་དེར་བོད་གཞུང་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་ཆེད་ངག་བཅད་མྱ་ངན་གུས་འདུད་སྐར་མ་གཅིག་རིང་ཞུས། དེ་ནས་དགེ་བཤེས་མ་བཞི་གྲས་བདེན་ཚིག་སྨོན་ལམ་གསུང་སྐབས་ཚང་མས་ལག་གཉིས་ཐལ་མོ་སྦྱར་ཏེ་འུར་འདོན་གནང་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་།

དེ་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་སེན་སེན་བྷེར་ནར་མཆོག་གིས་གསུང་བཤད་གནང་རྗེས་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་བུད་མེད་ཀྱི་བསྟོད་གཞས་གཟིགས་འབུལ་ཞུས། དེ་རྗེས་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨི་ལོ་ཡི་ཊི་ཨེན་ཇེལ་མཆོག     གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་པྲ་མི་ལ་ཇ་ཡ་པཱལ་མཆོག་བཅས་ནས་གསུང་བཤད་གནང་གྲུབ་བསྟུན་བོད་ཀྱི་ཟློས་གར་ཚོགས་པས་གྱ་སྟོན་མཉམ་གཞས་གཟིགས་འབུལ་ཞུས་མཚམས་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་གསུང་བཤད་གནང་།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ། མཐར་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་མཛད་སྒོ་རྒྱལ་ཁའི་ངང་སྒོ་གྲོལ།

དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་མགྲོན་རྣམས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་གཙོ་སོགས་གནས་མཇལ་དུ་ཆིབས་སྒྱུར་བསྐྱངས། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་གྲོས་ཚོགས་འཐུས་མི་རྣམས་ལ་རྒྱལ་བའི་བཀའ་བསྟན་ཙམ་མ་ཟད། སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་གྱིས་མཚོན་འཕགས་པ་ཐུགས་རྗེ་ཆེན་པོ་སོགས་རྟེན་གཙོ་ཁག་ངོ་སྤྲོད་མཛད་ཡོད་པ་བཅས།།

དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་བཞིན་པ།

Share with your friends










Submit