༢༠༡༧ ཟླ་ ༤ ཚེས་ ༢༤ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༤ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༡།༣༠ ཐོག་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གྲངས་གཉིས་རིང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༢ དབུ་འཛུགས་གནང་ཡོད།
དེ་ཡང་ཚོགས་འདུ་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་ Ram Swaroop མཆོག རྒྱ་གར་ཆེས་མཐོའི་རྩིས་ཞིབ་པ་སྐུ་ཞབས་ས་ཌི་ཡ་ཀུ་མར་ Sathya Kumar མཆོག བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན། དེ་བཞིན་ཚོགས་བཅར་བ་དང་ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་སྐུ་མགྲོན་རྣམས་ནས་སྣང་གསལ་ཞལ་ཕྱེ་གནང་བསྟུན་འཕགས་བོད་གཉིས་ཀྱི་རྒྱལ་གླུ་དབྱངས་སུ་གྱེར།
དེ་རྗེས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་གྲུབ་མཚམས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་གྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་ཡོད། དེ་ནས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེས་ལོ་འཁོར་སྙན་ཐོ་སྒྲོགས་སྦྱང་ཞུས་རྗེས་བསྟི་གནས་ཁང་གི་དངུལ་གཉེར་ནས་དངུལ་རྩིས་དང་འབྲེལ་བའི་སྙན་ཐོ་ཁག་སྙན་སྒྲོན་ཞུས་བསྟུན་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གསར་དེབ་དབུ་འབྱེད་གནང་ཡོད།
དེ་རྗེས་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་མི་ཉི་མ་སྟོབས་རྒྱལ་ལགས་ལ་ལོ་བཅུའི་སློབ་ཐོན་གཟེངས་རྟགས་གནང་ཡོད་པ་མ་ཟད། སྤྱི་ཟུར་རྒྱལ་ནོར་ཚེ་དབང་ལགས་ལ་ lifetime achievement award གནང་ཡོད། གཞན་ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཚོགས་མི་གསར་པ་རྣམས་ལ་ཡི་རང་བསྔགས་བརྗོད་མཚོན་ཆེད་གཟེངས་རྟགས་གནང་སྟེ་གསུང་བཤད་གནང་ཡོད།
དེ་ནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ་མཆོག་དང་རྒྱ་གར་ཆེས་མཐོའི་རྩིས་ཞིབ་པ་སྐུ་ཞབས་ས་ཌི་ཡ་ཀུ་མར་ Sathya Kumar མཆོག སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་དང་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་འགན་འཛིན་མཆོག་གིས་སྐུ་མགྲོན་རྣམ་པར་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་སྦྲགས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དབུ་འབྱེད་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས།།