༢༠༡༧ ཟླ་ ༤ ཚེས་ ༢༨ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༧ ཉིན་རྒྱལ་ས་ལྡི་ལིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཨེམ་ཨེལ་སོན་དྷིའི་ Professor ML Sondhi Prize for International Politics རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས་གཟེངས་རྟགས་དགྱེས་བཞེས་མཛད་པ་དང་སྦྲགས་སྐབས་བཀའ་སློབ་སྩལ་དོན།
ངོས་ཀྱིས་དུས་རྒྱུན་བརྩེ་བའི་སྤུན་མཆེད་ཕོ་མོ་རྣམ་པ། ཞེས་འཚམས་འདྲི་དང་སྦྲགས་སྐད་ཆ་འགོ་འཛུགས་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་ང་ཚོ་ཚང་མ་འགྲོ་བ་མི་གཅིག་གྱུར་རེད། དེར་བརྟེན་ངོས་ཀྱིས་ང་ཚོ་འགྲོ་བ་མི་རིགས་གཅིག་གྱུར་ཡིན་པའི་འདུ་ཤེས་དེ་ངོས་འཛིན་བྱེད་ཐབས་བྱེད་བཞིན་ཡོད། མི་གཞན་ལྟར་ངོས་རང་ཉིད་ཀྱང་མི་ཞིག་ཡིན་པའི་ངོས་ནས་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན། ཕྱོགས་མཚུངས་ང་ཚོ་ཚང་མས་བདེ་བ་འདོད་ཀྱང་བདེ་བ་ཐོབ་རྒྱུའི་ཚབ་ཏུ་མི་འདོད་པའི་སྡུག་བསྔལ་ཐོག་ཏུ་འབབ་བཞིན་ཡོད། དཀའ་ངལ་དེ་དག་ཕལ་མོ་ཆེ་ང་རང་ཚོ་མིས་བཟོས་པའི་དཀའ་ངལ་ཞིག་ཡིན། འོན་ཀྱང་རེ་བ་བཟང་པོ་ཞིག་ཡོད་པ་ནི་ཚན་རིག་པ་ཚོས་བརྟག་དཔྱད་ཀྱི་ལམ་ནས་འགྲོ་བ་མིའི་ལྷན་སྐྱེས་ཀྱི་རང་བཞིན་དེ་བྱམས་བརྩེ་ལྡན་པ་ཞིག་ཡིན་པ་ར་སྤྲོད་གསལ་རྟོགས་ཐུབ་ཡོད། གཞི་རྩ་དེ་ལ་བཞག་ནས་གལ་ཏེ་ང་ཚོས་ད་ལྟ་ནས་འབད་བརྩོན་བྱེད་པ་ཡིན་ན་དུས་རབས་འདིའི་མཇུག་ཙམ་ལ་ང་ཚོས་འཛམ་གླིང་ཕྲན་བུ་ཞི་བདེ་ཆེ་བ་ཞིག་སྐྲུན་ཐུབ།
ངོས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་ European Union ལ་ཡི་རངས་བསྔགས་བརྗོད་ཧ་ཅང་ཞུ་བཞིན་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རྒྱལ་ཞེན་རིང་ལུགས་ཀྱི་བསམ་བློའི་ཐོག་ནས་རྒྱལ་ཁབ་ཕན་ཚུན་གྱི་བདག་དབང་ཐད་ཕན་ཚུན་འཁྲུག་རྩོད་དང་དམག་བརྒྱབ་རྗེས་མཐར་སྤྱིའི་ཁེ་ཕན་ཆེད་རྒྱལ་ཁབ་སྒེར་བློས་བཏང་ནས་སྒྲིག་འཛུགས་དེ་འདྲ་ཞིག་བཙུགས་པ་རེད། གལ་ཏེ་དེ་ལྟ་བུའི་སྲིད་བྱུས་དེ་ཨ་ཕི་རི་ཀའི་ནང་ལག་བསྟར་ཐུབ་ཡོད་ཚེ་ད་ཚོད་རྙོག་གྲ་ཧ་ཅང་ཉུང་དུ་ཕྱིན་ཡོད། དམག་གི་ལག་ཆ་ཉོ་རྒྱུའི་ཚབ་ཏུ་གལ་ཏེ་རོགས་དངུལ་དེ་དག་སོ་ནམ་དང་ཤེས་ཡོན་ཐོག་བེད་སྤྱོད་བཏང་ཐུབ་ཡོད་ན་དགེ་ཚན་ཧ་ཅང་ཆེན་པོ་བྱུང་ངེས། ཞེས་བཀའ་སློབ་སྩལ་བ་མ་ཟད། ཨ་ཕི་རི་ཀའི་ས་ཧ་ར་བྱེ་ཐང་ Sahara Desert ཆེན་པོར་ཉི་འོད་གློག་ཤུགས་བཙུགས་ནས་སྔོ་ཚལ་སོགས་འདེབས་ལས་ཐུབ་པ་ཡིན་ན་ཕན་ཐོགས་ཧ་ཅང་ཡོང་རྒྱུ་ཡིན་པའི་སྐོར་དང་།
གཞན་ཡང་བྱམས་བརྩེ་གོང་སྤེལ་ཐོག་ནས་གཞན་ཙམ་མ་ཟད། རང་ཉིད་ཀྱི་ལུས་པོའི་འཕྲོད་བསྟེན་ལའང་ཕན་ཐོགས་ཡོང་རྒྱུ་ཡིན་པ་བཀའ་སློབ་སྩལ། ལྷག་པར་གཙུག་ལག་སློབ་དཔོན་སྐུ་ཞབས་སོན་དྷི་ Prof Sondhi དམ་པ་མཆོག་ཁོང་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད་པ་དང་། དེ་བཞིན་བོད་དུ་དུས་རབས་ ༨ ཙམ་ནས་མཁན་ཆེན་ཞི་བ་འཚོ་རྒྱ་གར་ནས་གདན་དྲངས་ནས་ནཱ་ལེནྡྲའི་ལེགས་བཤད་དེ་དག་བོད་པ་ཚོས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གཅེས་ཉར་བྱས་ནས་བསྡད་པ་དང་། རིག་གཞུང་དེ་དག་ལ་སློབ་གཉེར་མཐིལ་ཕྱིན་པ་གནང་དགོས་ན་ལོ་ངོ་ ༢༠།༣༠ རིང་སློབ་སྦྱོང་བྱེད་དགོས་པའི་སྐོར་སོགས་བཀའ་སློབ་སྩལ། དེ་རྗེས་ཚོགས་བཅར་བ་རྣམས་ཀྱི་དྲི་བར་བཀའ་ལན་མཛད་ཡོད་པ་བཅས།།