མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་བཅར་འདྲི།

༢༠༡༧ ཟླ་ ༤ ཚེས་ ༡༡ རེས་གཟའ་མིག་དམར།

02༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ཨ་རུ་ནཱ་ཅལ་པ་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་ལ་བཅར་འདྲི་ཞུས་པར་བློན་ཆེན་མཆོག་གིས་ལན་འདེབས་གནང་བ་ཁག་གཤམ་གསལ།

གསར་འགོད་པས། ཐོག་མར་ངས་བོད་མིའི་སྒྲིག་འཛུགས་དང་ལྷག་པར་ཕྱི་དྲིལ་ལས་ཁུངས་ཀྱི་ཚབ་ཞུས་ནས་སྐུ་ཉིད་མཆོག་ལ་འཚམས་འདྲི་དང་སྦྲགས། མངའ་སྡེའི་གཞུང་ནས་ང་ཚོར་མཐུན་འགྱུར་རོགས་རམ་རྒྱ་ཆེ་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

དྲི་བ། ༸གོང་ས་མཆོག་ལོ་ ༨ རྗེས་སླར་ཡང་མངའ་སྡེའི་ནང་༸ཞབས་སོར་འཁོད་ཐུབ་པ་དེར་སྐུ་ཉིད་མཆོག་ལ་ཐུགས་ཚོར་ཇི་འདྲ་བྱུང་།

ལན། དོན་དངོས་ཐོག་ངོས་རང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་བཞིན་པའི་དུས་སྐབས་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མངའ་སྡེའི་ནང་༸ཞབས་སོར་འཁོད་ཐུབ་པ་འདི་ནི་ཧ་ཅང་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་ཆིབས་སྒྱུར་ལ་མཚོན་ན། ངས་ཕྱི་ལོ་ ༢༠༡༡།༢༠༡༢ ལོ་ནས་བཟུང་༸གོང་ས་མཆོག་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱངས་གནང་མཛད་རྒྱུའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་ནས་ཀྱང་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་མི་མང་དང་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་སྟབས་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད། དེར་བརྟེན་ང་ཚོས་དགའ་ཚོར་ཧ་ཅང་ཆེན་པོའི་ཐོག་ནས་དུས་སྐབས་འདི་ངང་སྒུག་ཞུས་ནས་བསྡད་པ་ཡིན།

དྲི་བ།  མངའ་སྡེའི་ནང་གི་མང་ཚོགས་མཐོ་དམའ་བར་གསུམ་ཚང་མས་༸གོང་ས་མཆོག་ལ་དད་གུས་ཧ་ཅང་ཞུ་བ་དང་། ལྷག་པར་ཕྲུ་གུ་ལོ་ན་གཉིས་ཅན་ཞིག་གིས་ལག་གཉིས་ཐལ་མོ་སྦྱར་ནས་༸གོང་ས་མཆོག་ལ་དད་གུས་ཀྱི་རྣམ་པ་བསྟན་པའི་པར་ཞིག་སྤྱི་ཚོགས་དྲ་ལམ་ཐོག་ལ་ཧ་ཅང་གྲགས་ཆེན་པོ་ཆགས་ཡོད། དེ་དག་ལ་དགོངས་ཚུལ་གང་ཡོད།

ལན།  འདི་ནི་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེ་སྤྱི་དང་ལྷག་པར་དུ་མོན་ས་ཁུལ་གྱི་རྟ་དབང་དང་ནུབ་ཀེ་མེང་ West Kameng Distt. མི་མང་རྣམས་ཀྱི་ཐུན་མིན་ཁྱད་ཆོས་ཤིག་ཡིན་ཞིང་། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཆིབས་སྒྱུར་སྐྱོང་སྐབས་ང་ཚོས་ཕེབས་བསུ་དང་པོ་ཞུས་ཐུབ་པ་མ་ཟད། བཀའ་ཆོས་ཐོག་མ་དེ་མོན་རྟ་དབང་དགོན་པར་སྩལ་བ་དེ་ནི་ང་ཚོས་ཧ་ཅང་བསོད་ནམས་ཀྱི་གོ་སྐལ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་བཙན་བྱོལ་དུ་༸ཞབས་སོར་འཁོད་མཚམས་འདི་ག་རྟ་དབང་དགོན་པར་བཀའ་ཆོས་ཐོག་མ་སྩལ་གནང་མཛད་པ་དེ་ནི་ས་གནས་མང་ཚོགས་རྣམས་ཀྱི་ནང་ཆོས་དང་༸གོང་ས་མཆོག་ལ་དད་གུས་ཇི་ཙམ་ཞུ་བཞིན་ཡོད་པ་མཚོན། མང་ཚོགས་རྣམས་ལ་མཚོན་ན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་དང་བརྩི་བཀུར་ཧ་ཅང་ཡོད།

དྲི་བ།  སྐུ་ཉིད་མཆོག་སྐུ་སྒེར་ལ་མཚོན་ན་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་མི་ཚེའི་ནང་ཕན་ཐོགས་ཇི་ཙམ་ཡོད་པ་དང་། ལྷག་པར་ཆབ་སྲིད་ཀྱི་ལས་དོན་ཐོག་དཀའ་ངལ་འཕྲད་སྐབས་བཀའ་སློབ་དེ་དག་ཕན་ཐོགས་ཇི་ཙམ་ཡོད་འདུག

ལན།  སྤྱིར་སྟངས་ང་རང་སྒེར་ལ་མཚོན་ན་ཁྱེད་རང་གི་དྲི་བ་འདི་ཧ་ཅང་ཡག་པོ་འདུག ང་རང་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་མཁན་ཞིག་དང་ཁོང་གི་རྗེས་འབྲང་པ་ཞིག་ཡིན། མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་དེ་དག་བཅོས་མིན་ཞིག་དང་དེང་དུས་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་ཞིང་། ངའི་ནང་མིའི་རྒྱབ་ལྗོངས་ལ་མཚོན་ན་ཆབ་སྲིད་པ་རེད། རང་ཉིད་ལྟ་བུར་མཚོན་ན་ང་རང་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིག་ཡིན། ངས་ཁྱེད་རང་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་རྒྱབ་ལྗོངས་ལོ་རྒྱུས་ཕྲན་བུ་ཞུས་ན། འདི་གར་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེའི་ནང་དུ་མི་རིགས་གཙོ་གྲས་གྲངས་ ༢༦ དང་། མི་རིགས་གྲགས་ཆུང་བ་གྲངས་ ༡༡༠ ལྷག་ཡོད། དེར་བརྟེན་སྐབས་རེ་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་དཀའ་ངལ་ཧ་ཅང་འཕྲད་པ་མ་ཟད། འབ་སུ་མ་འདུས་པའི་གནས་སྟངས་ལྟ་བུ་དེ་འདྲའང་ཡོང་གི་འདུག དེ་འདྲའི་གནས་སྟངས་འོག་ངས་དུས་རྟག་ཏུ་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དེ་དག་ཡིད་ལ་དྲན་ནས། དེའི་ཐོག་ལ་བསམ་བློ་གཏོང་བཞིན་ཡོད། ཕྱི་གསལ་ནང་གསལ་བྱེད་དགོས་པ་དང་། བསམ་བློ་རྒྱ་ཆེ་ས་ནས་གཏོང་དགོས་པ། མང་ཚོགས་ཆེ་འབྲིང་ཆུང་གསུམ་ཚང་མའི་དཀའ་ངལ་ལ་ཉན་འཇོག་བྱེད་དགོས་པ་སོགས་༸གོང་ས་མཆོག་གི་བཀའ་སློབ་དེ་དག་ཡིད་ལ་བཅངས་པའི་ཐོག་ནས་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་འཚོལ་བཞིན་ཡོད།

དྲི་བ། ཐེངས་འདིར་བཀའ་ཆོས་སྐབས་སྐུ་ཉིད་མཆོག་ནས་མ་འོངས་པར་རྟ་དབང་ས་གནས་འདིར་དུས་འཁོར་དབང་ཆེན་བཀའ་དྲིན་ཆེ་གནང་མཛད་རྒྱུའི་གསོལ་འདེབས་ཞུས་ཡོད། དེའི་ཐོག་ཏོག་ཙམ་རྒྱས་བཤད་གནང་རོགས།

ལན། སྤྱིར་སྟངས་ཨ་རུ་ནཱ་ཅལ་མངའ་སྡེའི་སྡི་རང་ས་ཁུལ་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༨༣ ལོར་དུས་འཁོར་དབང་ཆེན་ཐེངས་གཅིག་སྩལ་ཡོད། དེར་བརྟེན་ང་ཚོས་ཧ་ཅང་གི་བསོད་ནམས་ཆེན་པོ་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། འོན་ཀྱང་དུས་དེ་ནས་བཟུང་ད་བར་དུས་ཡུན་ཧ་ཅང་རིང་པོ་སོང་ཡོད་ཀྱང་མངའ་སྡེའི་ནང་དུས་འཁོར་དབང་ཆེན་ཞུ་ཐུབ་མེད། དེར་བརྟེན་ཐེངས་འདིར་༸གོང་ས་མཆོག་ས་གནས་སུ་ཆིབས་སྒྱུར་བསྐྱངས་ཡོད་སྟབས་གོ་སྐབས་དམ་འཛིན་ཐོག་ངས་ཨ་རུ་ནཱ་ཅལ་མངའ་སྡེའི་མི་མང་ཡོངས་དང་ལྷག་པར་མོན་ཡུལ་མང་ཚོགས་རྣམས་ཀྱི་ཚབ་ཞུས་ནས་འབྱུང་འགྱུར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ག་ས་གནས་སུ་དུས་འཁོར་དབང་ཆེན་བཀའ་དྲིན་ཆེ་གནང་མཛད་རྒྱུའི་གསོལ་འདེབས་ཞུས་པ་ཡིན། ངས་༸གོང་ས་མཆོག་ལ་གསོལ་འདེབས་དེ་ལྟར་ཞུ་དགོས་དོན་ནི། མང་ཚོགས་རྣམས་ཀྱིས་དུས་ནམ་ཞིག་ངའི་སར་ལས་དོན་ཆེ་ཕྲ་གང་འདྲ་གཅིག་ཞུ་བར་ཕེབས་ཀྱང་དུས་འཁོར་དབང་ཆེན་ཞིག་གསོལ་འདེབས་ཞུ་རོགས་ཞེས་ཡང་ཡང་རེ་འདུན་འདོན་བཞིན་འདུག

ལྷག་པར་གོང་ལ་ཁྱེད་རང་གིས་ཡུལ་མི་ཚོས་༸གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར་ཧ་ཅང་ཞུ་བཞིན་ཡོད་པ་གསུངས་པ་ལྟར། ངས་༸གོང་ས་མཆོག་ལ་རིང་མིན་ས་གནས་སུ་དུས་འཁོར་དབང་ཆེན་ཞིག་བཀའ་དྲིན་ཆེ་གནང་མཛད་རྒྱུའི་གསོལ་འདེབས་ཞུས་པ་ལྟར། མགོན་པོ་གང་ཉིད་མཆོག་ནས་ཀྱང་རེ་འདུན་དེ་ཐུགས་ལ་འཇོག་གནང་མཛད་རྒྱུ་ཡིན་སྐོར་བཀའ་ལན་སྩལ་བ་དང་སྦྲགས། མང་ཚོགས་རྣམས་ཀྱིས་དེའི་བར་ལ་བོད་སྐད་དང་བོད་ཡིག་ལ་དོ་སྣང་མང་ཙམ་བྱེད་ནས་ནང་ཆོས་ལ་དོ་སྣང་དང་། སློབ་གཉེར་བྱེད་དགོས་པ་བཀའ་སློབ་སྩལ་ཡོད།

ང་རང་ཉིད་སྒེར་ལ་མཚོན་ན། ནང་པ་ཞིག་ཡིན་སྟབས་མང་ཚོགས་རྣམས་ལ་བོད་ཡིག་དང་བོད་སྐད་ལ་དོ་སྣང་བྱེད་དགོས་པ་དུས་རྟག་ཏུ་འབོད་སྐུལ་ཞུ་བཞིན་ཡོད། ཨ་རུ་ནཱ་ཅལ་མངའ་སྡེའི་གཞུང་ནས་ཀྱང་དེ་སྔ་དུས་ཡུན་རིང་པོའི་སྔོན་ནས་སློབ་གྲྭའི་ནང་བོད་ཡིག་སློབ་ཚན་བཞག་ཡོད། དེར་བརྟེན་དེང་སྐབས་མི་རབས་གསར་པ་ཚོས་བོད་སྐད་དང་བོད་ཡིག་ཡག་པོ་ཤེས་ཀྱི་ཡོད། འབྱུང་འགྱུར་མི་རབས་གསར་པ་ཚོས་ཀྱང་མུ་མཐུད་ནས་བོད་སྐད་དང་བོད་ཡིག་ཐོག་ཤེས་ཚད་ཡག་པོ་ཡོང་རྒྱུའི་རེ་བ་ཞུ་རྒྱུ་དང་། དུས་འཁོར་དབང་ཆེན་ཡང་མགྱོགས་མྱུར་བཀའ་དྲིན་ཆེ་གནང་མཛད་ཐུབ་པའི་རེ་བ་བ་ཞུ་བཞིན་ཡོད།

དྲི་བ། ཁ་སང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཉིད་མཆོག་གི་ཡབ་དམ་པ་སྐུ་ཞབས་རྡོ་རྗེ་མཁའ་འགྲོ་མཆོག་གི་དྲན་རྟེན་སྐྱེད་མོས་ཚལ་དུ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་པ་དེར་སྐུ་སྒེར་ལ་མྱོང་ཚོར་ཇི་འདྲ་ཞིག་བྱུང་།

ལན།  སྤྱིར་ངའི་ཡབ་དམ་པར་མཚོན་ན། མང་ཚོགས་ཁྲོད་དགའ་མོས་ཧ་ཅང་ཞུ་ཡུལ་ཞིག་ཡིན། འདི་ག་མོན་ཡུལ་ཙམ་མ་ཟད། ཨ་རུ་ནཱ་ཅལ་མངའ་སྡེའི་ས་གནས་གཞན་དུའང་དགའ་མོས་ཆེན་པོ་ཞུ་བཞིན་ཡོད། མངའ་སྡེའི་ནང་གི་མི་རིགས་འདྲ་མིན་ཡོད་པ་ཚང་མས་ངོས་འཛིན་ཆེན་པོ་ཞུ་ཡུལ་ཞིག་ཡིན། ལྷག་པར་༸གོང་ས་མཆོག་དང་ངའི་ཡབ་དམ་པ་མཆོག་སྐུ་སྒེར་ཐོག་ནས་བརྗོད་ན། མགོན་པོ་གང་ཉིད་མཆོག་གི་ཡབ་དམ་པར་ཧ་ཅང་སེམས་ཐག་ཉེ་བའི་གྲོགས་པོ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད། ཐེངས་འདིར་མ་སྒྲིག་ལྷུན་འགྲུབ་ལྟ་བུ་རེད། ༸གོང་ས་མཆོག་ས་ཁུལ་འདིར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པའི་སྐབས་འདིར་ངའི་ཡབ་དམ་པའི་དྲན་རྟེན་སྐྱེད་མོས་ཚལ་འཛུགས་སྐྲུན་ལས་གཞི་ཡང་ཡོངས་སུ་ལེགས་པར་གྲུབ་པ་དུས་མཉམ་དུ་འཁེལ་བ་རེད། ༸གོང་ས་མཆོག་དྲན་རྟེན་སྐྱེད་མོས་ཚལ་དེར་ཆིབས་སྒྱུར་སྐྱོང་སྐབས་ངས་ལྷན་བཅར་ཞུས་པ་ཡིན། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དྲན་རྟེན་སྐྱེད་མོས་ཚལ་དུ་གསར་བཞེངས་ལེགས་གྲུབ་བྱུང་བའི་ཡབ་དམ་པའི་དྲན་རྟེན་གྱི་བྱང་ཆུབ་མཆོད་རྟེན་ཡོད་སར་ཆིབས་སྒྱུར་བསྐྱངས་ནས་དབུ་འབྱེད་རབ་གནས་མཛད་པ་མ་ཟད། དེ་རྗེས་ཡབ་དམ་པའི་དྲན་རྟེན་གྱི་འགྲེམས་སྟོན་ཁང་གསར་པ་ཡོད་སར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་འགྲེམས་སྟོན་ཁང་གསར་པ་དབུ་འབྱེད་བཀའ་དྲིན་ཆེ་གནང་མཛད་སོང་། དེ་ནི་ང་ཚོ་ནང་མི་ཚོར་མཚོན་ན་ཧ་ཅང་བསོད་ནམས་ཆེ་བ་ཞིག་དང་། དམིགས་བསལ་བྱིན་རླབས་ཐོབ་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད།

དྲི་བ། ཡབ་དམ་པའི་དྲན་རྟེན་གྱི་འགྲེམས་སྟོན་ཁང་ནང་༸གོང་ས་མཆོག་ཆིབས་སྒྱུར་བསྐྱངས་སྐབས་སྐུ་ཉིད་སྒེར་ལ་ཚོར་བ་ཇི་འདྲ་ཞིག་སྐྱེ་བྱུང་།
ལན། ༸གོང་ས་མཆོག་གིས་འགྲེམས་སྟོན་ནང་གི་པར་རིས་ཁག་ལ་ཐུགས་ཞིབ་མཛད་སྐབས། ༸གོང་ས་མཆོག་དང་ཡབ་དམ་པ་གཉིས་ལྷན་དུ་སྒྲོན་པའི་སྐུ་པར་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འགྲམ་དུ་སྤྱན་གཟིགས་མཛད་པ་མ་ཟད། ཡབ་དམ་པའི་སྙིང་ཁར་ཕྱག་རྫུབ་མཛད་ནས་ཐུགས་སྨོན་མཛད་སོང་། སྐབས་དེར་ངའི་སེམས་ནང་ཚོར་བ་ཧ་ཅང་ཤུགས་ཆེ་སྐྱེས་བྱུང་།

དྲི་བ། རྒྱ་གར་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་དེ་རྒྱ་གར་དབུས་གཞུང་གིས་གཏན་འབེབས་གནང་རྗེས་འབྲེལ་ཡོད་མངའ་སྡེ་ཁག་གཅིག་ནས་སྲིད་བྱུས་དེ་གཏན་འབེབས་གནང་ཟིན། སྲིད་བྱུས་དེ་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གཏན་འབེབས་གནང་རྒྱུའི་ཐད་གནས་སྟངས་ཇི་འདྲ་ཞིག་ཆགས་ཡོད།

ལན། རྒྱ་གར་དབུས་གཞུང་གིས་གཏན་འདེབས་གནང་བའི། བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཕྱི་ལོ་ ༢༠༡༤ ཞེས་པ་དེའི་སྐོར་ང་ལ་རྒྱུས་མངའ་ཡག་ཐག་ཆོད་ཡོད། དེ་སྔ་ལོ་གཉིས་གོང་ང་རང་མངའ་སྡེའི་བློན་ཆེན་ཡིན་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་ལས་བྱེད་ཨི་ཊ་ན་གར་ཕེབས་ནས་སྲིད་བྱུས་འདིའི་སྐོར་གསུངས་བྱུང་།

སྐབས་དེར་ངས་ཨི་ཊ་ན་གར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་སྲིད་བྱུས་འདི་མངའ་སྡེའི་གཞུང་གིས་གཏན་འབེབས་གནང་དགོས་པའི་རེ་འདུན་བཏོན་པ་ཡིན། འོན་ཀྱང་སྐབས་དེར་ཆབ་སྲིད་ཀྱི་ཟིང་ཆ་ཏོག་ཙམ་བྱུང་བ་རེད། དེ་ལྟར་ནའང་ཉེ་ལམ་ནས་བཟུང་ངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ལས་འགན་འཁྱེར་ནས་ཡོད་སྟབས། ངས་མགྱོགས་མྱུར་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་འདི་གཏན་འབེབས་བྱ་རྒྱུ་ཡིན།

དྲི་བ། ལོ་རྒྱུས་ཐོག་ནས་ཤར་མོན་ནས་ནུབ་ལ་དྭགས་བར་ཆོས་དང་རིག་གཞུང་ཐོག་ནས་བོད་དང་འབྲེལ་བ་ཡོད་པ་མ་ཟད། ལྷག་པར་མོན་ཡུལ་དང་བོད་གཉིས་དབར་ཐུན་མིན་གྱི་འབྲེལ་བ་ཡོད། དེའི་ཐོག་དགོངས་ཚུལ་ཇི་ཡོད།

ལན། ངས་གོང་དུ་ཞུས་པ་ལྟར་༸གོང་ས་མཆོག་དང་མོན་ཡུལ་མང་ཚོགས་དབར་དམིགས་བསལ་གྱི་འབྲེལ་བ་ཡོད། མོན་ཡུལ་མང་ཚོགས་རྣམས་ཀྱིས་༸གོང་ས་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་མཚམས་ཕེབས་བསུ་ཐོག་མ་ཞུ་མཁན་ཆགས་པ་དེས་༸གོང་ས་མཆོག་དང་དམིགས་བསལ་འབྲེལ་བ་དམ་ཟབ་གཅིག་ཡོད་པ་མཚོན་ཐུབ།

མཐའ་དོན། ངས་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ལས་ཡོངས་དང་། དགའ་ལྡན་ཕོ་བྲང་གི་ལས་བྱེད་ཡོངས་ནས་ཐེངས་འདིར་༸གོང་ས་མཆོག་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་ནང་ཆིབས་སྒྱུར་བཀའ་དྲིན་བསྐྱངས་གནང་མཛད་རྒྱུའི་སྔོན་འགྲོའི་གྲ་སྒྲིག་ལས་དོན་ཐོག་མཐུན་འགྱུར་རོགས་རམ་གནང་བར་བརྟེན་ཆིབས་སྒྱུར་ལམ་ལྷོངས་ལྡན་པ་ཞིག་བྱུང་ཐུབ་ཡོད། དེར་བརྟེན་ངས་ཚང་མར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་ལན་འདེབས་གནང་།།