མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་པ།

Share with your friends










Submit

༢༠༡༧ ཟླ་ ༤ ཚེས་ ༡༢ རེས་གཟའ་ལྷག་པ།

1

སྐུ་པར་སྒྲོན་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་ལེགས་སྨོན་ལགས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཁུལ་གྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༢ ཉིན་གྱི་སྔ་དྲོ་ལྡི་ལི་བརྒྱུད་རྡ་སའི་ཉེ་འགྲམ་གྷ་གྷལ་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཀྱིས་མགོན་པོ་གང་ཉིད་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་། བཞུགས་སྒར་ཕེབས་ལམ་གཡས་གཡོན་དུ་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་སྤོས་སྣེ་དང་དཀར་གཙང་མཇལ་དར་སོགས་ཐོགས་ཏེ་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་གཞན་གཉིས་མཆོག བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་བཅས་ཀྱིས་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་གི་རྒྱལ་སྒོའི་ཉེ་འགྲམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

སྐུ་པར་སྒྲོན་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་བསྟན་འཛིན་ལེགས་སྨོན་ལགས།

སྐུ་པར་སྒྲོན་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་ལེགས་སྨོན་ལགས།

རྩ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན ཆེན་པོ་མཆོག་ཕྱི་ཟླ་ ༣ ཚེས་ ༣༡ ཉིན་བཞུགས་སྒར་ནས་ཆིབས་སྒྱུར་བསྐྱངས་ཏེ་ཕྱི་ཟླ་ ༤ ཚེས་ ༡ ཉིན་ཨ་སམ་མངའ་སྡེའི་གསར་ཤོག་ The Assam Tribune ཞེས་པར་ལོ་འཁོར་བདུན་ཅུ་དོན་ལྔ་འཁོར་བའི་མཛད་སྒོའི་སྟེང་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཌིར་རྟེན་གཞི་བྱས་པའི་ The ITA Center for Performing Arts ཞེེས་པའི་ཚོགས་ཁང་དུ་འགྲོ་བ་མི་ཞིག་གིས་འཛམ་གླིང་ཞི་བདེར་དམིགས་པའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོ་ཨ་སམ་མངའ་སྡེའི་རྒྱལ་ས་གྷོ་ཝ་ཧ་ཊིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོམས་ཆེན་དུ་དེང་གི་དུས་སུ་རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གྱི་དགོས་མཁོ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ། དེ་རྗེས་༸གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དཔེ་དེབ་ཨ་སམ་སྐད་ཡིག་ཐོག་ཕབ་སྒྱུར་ཞུས་པ་དེ་ཉིད་དབུ་འབྱེད་མཛད་པ་ཟད། ཨ་སམ་མངའ་སྡེ་དང་རྒྱ་གར་དབུས་གཞུང་ཟུང་འབྲེལ་ཐོག་གོ་སྒྲིག་གནང་བའི་ཡར་ཀླུང་གཙང་པོ་སྲུང་སྐྱོབ་ཀྱི་ལས་འགུལ་ Namami Brahmaputra ཞེས་པའི་མཇུག་སྡོམ་མཛད་སྒོའི་ཐོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་བཀའ་སློབ་སྩལ། ཕྱི་ཚེས་ ༥ ཉིན་ཨ་རུ་ན་ཅལ་མངའ་སྡེའི་འབུམ་སྡེ་ལ་ས་གནས་སུ་ཡོད་པའི་སྟོན་པའི་སྐྱེད་མོས་ཚལ་དུ་སྒྲོལ་དཀར་གྱི་ཚེ་དབང་དང་། ཕྱི་ཚེས་ ༦ ཉིན་སྡི་རང་ས་གནས་སུ་ཡོད་པའི་ཐུབ་མཆོག་དར་རྒྱས་གླིང་དུ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ་དང་། བླ་མའི་རྣལ་འབྱོར། སྤྱན་རས་གཟིགས་ཀྱི་རྗེས་གནང་བཅས་ཀྱི་ཆོས་འབྲེལ་སྩལ། ཕྱི་ཚེས་ ༨ ནས་ ༡༠ བར་རྟ་དབང་དུ་ཡོད་པའི་ཡིད་དགའ་ཆོས་འཛིན་དགོན་པར་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས། ཕྱི་ཚེས་ ༡༠ ཉིན་རིག་འཛིན་གདུང་སྒྲུབ་ཀྱི་དབང་དང་། དཔེ་དེབ་དབུ་འབྱེད། མང་ཚོགས་ལ་བཀའ་སློབ་སོགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་ཡོད།།

selected_2-1024x683

སྐུ་པར་སྒྲོན་མཁན་ཕྱི་དྲིལ་ལས་ཁུངས་ཀྱི་ཀུན་དགའ་ལགས།

Share with your friends










Submit