མདུན་ཤོག » གསར་གནས། »

རྒྱལ་གཅེས་དཔའ་བོ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

Share with your friends










Submit

༢༠༡༧ ཟླ་ ༤ ཚེས་ ༡༨ རེས་གཟའ་མིག་དམར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༥ ཉིན་བོད་མདོ་ཁམས་དཀར་མཛེས་རྫོང་ཐོག་ཏུ་རྒྱལ་གཅེས་དཔའ་བོ་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན་ཡོད་ཀྱང་། ཁོང་གི་སྐུ་ལུས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་འཁྱེར་བྱས་པ་དང་། ས་གནས་དེར་རྒྱ་གཞུང་གིས་དམ་དྲག་ཆེ་བས་ད་ལྟ་ཁོང་འདས་གསོན་ཇི་ཡིན་ཤེས་རྟོགས་མི་ཐུབ་པ་གྱུར་ཡོད། ཁོང་ནི་རྒྱ་དམར་གྱིས་བོད་ས་དབྱེ་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། ཉག་རོང་རྫོང་ཨ་བསེ་འབྲོག་པ་དགེ་ཆགས་ནས་ཡིན་འདུག་ཅིང་། ཁོང་རང་ལོ་ ༣༠ ཡིན་པ་དང་། ཁོང་ལ་ཕྲུ་གུ་གསུམ་དང་ཨ་མ་རྒས་འཁོགས་ཤིག་ཡོད་གནས་ཐོན་འདུག

རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོས་ལེན་བྱ་ཐབས་མེད་ཅིང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ལ་འགྲོ་བ་མི་ཡི་ཐོབ་ཐང་དང་སྐད་ཡིག་ལ་རང་དབང་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་སྐྱོང་དགོས་པ། བོད་མིར་དྲག་གནོན་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་འདྲ་མིན་བཏོན་གནང་སྟེ་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་རྒན་དར་གཞོན་གསུམ་དང་། སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་སྟེ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་སྤེལ་དང་སྤེལ་མུས་ལྟར། ཉེ་ཆར་ ༢༠༡༧ ཟླ་ ༣ ཚེས་ ༡༨ ཉིན་དཀར་མཛེས་རྫོང་ཐོག་རང་དུ་རྒྱལ་གཅེས་དཔའ་བོ་པདྨ་རྒྱལ་མཚན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་མ་ཟད། ད་ལན་དབང་ཕྱུག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དགོས་ཆགས་ཡོད་པ་བཅས་མདོར་ན་ད་བར་བོད་ནས་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་བོད་མི་ ༡༤༧ ཡིས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ཞི་རྒོལ་གནང་བའི་ཁྲོད་བོད་མི་ ༡༢༥ འདས་གྲོངས་སུ་ཕྱིན་པ་ཁ་གསལ་ཡོད་ཀྱང་གཞན་རྣམས་འདས་གསོན་ཇི་ཡིན་ཤེས་རྟོགས་རྩ་བ་ནས་ཐུབ་ཀྱི་མེད།

བོད་མི་བརྒྱ་ཕྲག་གཅིག་དང་ཕྱེད་མ་ཟིན་ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་གནང་བ་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་ཟིན་ཐོ་གསར་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད་ཀྱང་རྒྱ་གཞུང་གིས་དེ་དག་གི་མངོན་འདོད་ལ་བདག་སྐྱོང་ཙམ་ཡང་མི་བྱེད་པ་མ་ཟད། ད་དུང་དམ་དྲག་ཆེ་རུ་བཏང་བ་དང་། བོད་མི་རྣམས་བོད་ས་ནང་ཁུལ་དུ་འགྲུལ་བཞུད་བྱ་རྒྱུར་བཀག་འགོག ཁ་བྲལ་རིང་ལུགས་ལ་ངོ་རྒོལ་ཟེར་བ་སོགས་མཚམས་འཇོག་རྩ་བ་ནས་མི་བྱེད་པ་ནི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་འགྲོ་བ་མི་ཡི་འདེང་འཇོག་གམ། རྒྱ་ནག་གི་སྤྱི་མང་ཞིག་ཡིན་པའི་ཆ་འཇོག་ཙམ་ཡང་བྱེད་ཀྱི་མེད་པ་གསལ་པོ་ཆགས་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་བོད་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས་རང་ལུས་མེར་བསྲེགས་རིམ་གནང་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་བརྒྱུད་སྔ་ཕྱིར་དགོས་འདུན་བཏོན་པ་རྣམས་རྒྱ་གཞུང་གིས་ལག་བསྟར་ངེས་པར་དུ་བྱ་དགོས་པ་ནན་སྐུལ་བྱ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༨ ལ།།

Share with your friends










Submit