མདུན་ཤོག » གསར་གནས། »

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་བསྟན་འགྲོའི་ཕན་བདེའི་སླད་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན་པ།

༢༠༡༧ ཟླ་ ༤ ཚེས་ ༢༢ རེས་གཟའ་སྤེན་པ།

༄༅། །དགེ་ལུགས་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་ལགས་དང་། དགེ་ལུགས་སྤྱི་འཐུས་གོ་བོ་བློ་བཟང་ཕན་བདེ་ལགས་རྣམ་གཉིས་ཀྱིས་གནས་ཚུལ་བཏང་གནས་ནང་འཁོད་དོན།

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་སྐྱབས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཡུན་རིང་བསྙུན་གཞི་ལྕི་བཞེས་མཐར་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༡ ཉིན་མེ་བྱ་ཧོར་ཟླ་ ༢ ཚེས་༢༥ མཚན་མོ་ཆུ་ཚོད་ ༡༡ དང་སྐར་མ་ ༤༥ ཐོག་རྒྱ་གར་རྒྱལ་ས་ལྡི་ལིའི་སྨན་ཁང་མེག་སིར་ Max Hospital གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་འགོད་ཕྱིར་རེ་ཞིག་དགོངས་པ་ཆོས་དབྱིངས་སུ་འཐིམ་ཚུལ་བསྟན།

བསྟན་འགྲོ་སྤྱི་དང་ཡང་སྒོས་སུ་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་ཡོངས་ལ་ཡིད་གདུང་བཟོད་དཀའ་བའི་དུས་སྐབས་འདིར།  བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་ཁོང་སླར་ཡང་གདུལ་བྱའི་མགོན་དཔུང་དམ་པར་ཡང་སྤྲུལ་མྱུར་དུ་བྱོན་ནས་བསྟན་པའི་བྱ་བ་འཕྲོ་སྐྱོང་མཛད་ཐུབ་པ་དང་།  ཐུགས་ཀྱི་བཞེད་དགོངས་ཐ་དག་འགེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ལགས།  ཞེས་འཁོད།

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་དོན།  ངས་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་བློ་ཕམ་ཧ་ཅང་དང་སྦྲགས།  རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་མྱུར་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱོགས་མཐའ་ཀུན་དུ་དར་ཞིང་རྒྱས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་མཐའ་དག་བསྒྲུབ་ཆེད་མཐུན་འགྱུར་ཞབས་འདེགས་ཞུ་ཐུབ་པའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་ཡིན། ཞེས་གསུངས།

དེ་ཡང་དགའ་ལྡན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་དམ་པ་མཆོག་ནི་ཕྱི་ལོ་  ༡༩༣༧ ལོར་བོད་ཁམས་ཡ་རར་སྐུ་འཁྲུངས་ཞིང་ཆུང་དུས་སུ་ཡ་ར་ཚེམ་དགོན་པར་རབ་ཏུ་བྱུང་སྟེ།   དགུང་ལོ་ ༡༦ ཐོག་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེ་གནང་།

ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་ནས་སྦག་ས་ཆོས་སྒར་དུ་སློབ་གཉེར་མུ་མཐུད་གནང་བ་མ་ཟད། དེ་རྗེས་རྒྱ་གར་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་ཡ་གྱལ་འབྲས་སྤུངས་བློ་གསལ་བྱེ་བའི་གླིང་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ནས་མུ་མཐུད་ནང་པའི་གཞུང་ཆེན་ཁག་ལ་སློབ་གཉེར་གནང་།

དུས་སྐབས་དེའི་རིང་དམ་པ་ཁོང་གིས་གྲྭ་ཚང་གི་ཕྱག་མཛོད་དང་། གྲྭ་ཚང་གི་ཞིང་ལས་བྱེད་མཁན་གྱི་རྒྱ་དཔོན་དང་བཅུ་དཔོན། དགེ་བསྐོས། དཔེ་ཁྲིད་དགེ་རྒན་སོགས་ཀྱི་ཐུགས་འགན་ཡང་བཞེས་ཡོད་པ་མ་ཟད། དགེ་བཤེས་ལྷ་རམས་པ་དང་སྔགས་རམས་པའི་མཚན་རྟགས་བཞེས་རྗེས། ལོ་གསུམ་རིང་རྒྱུད་སྟོད་བླ་མ་དབུ་མཛད་དང་ལོ་གསུམ་རིང་མཁན་པོ་ཡང་གནང་འདུག

དེ་ནས་ཕྱི་ལོ་ ༢༠༠༣ ལོར་༸གོང་ས་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཤར་པ་ཆོས་རྗེའི་མཚན་གནས་གསོལ་བསྩལ་མཛད་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོའི་ཕྱི་ཟླ་ ༡༠ པའི་ཚེས་ ༡༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམ་པ་ཁོང་རི་བོ་དགེ་ལྡན་པའི་བསྟན་བདག་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་བཞག་སྩལ་བ་ལྟར།  ཕྱི་ལོ་ ༢༠༡༦ ཟླ་ ༡༡ པའི་ཚེས་ ༥ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་དགའ་ལྡན་ཁྲི་ཐོག་ཁང་ནང་དགའ་ལྡན་ཁྲི་ཐོག་ ༡༠༣ ཁྲི་འདོན་མཛད་སྒོ་རྒྱལ་ཁའི་ངང་ཚོགས་ཡོད་པ་བཅས།།