མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

འབྱུང་འགྱུར་ཏཱ་ལའི་བླ་མའི་བླ་བྲང་གི་གནད་དོན་དང་འབྲེལ་བའི་སྔོན་འགྲོའི་ཚོགས་འདུ་ཞིག་ལོ་འདིར་འཚོགས་འཆར་ཡོད།

Share with your friends










Submit

༢༠༡༧ ཟླ་ ༤ ཚེས་ ༨ རེས་གཟའ་སྤེན་པ།

_DIR4278

སྐུ་པར་མཐུན་འགྱུར། འཇམ་དབྱངས་ཚེ་རིང་།

༄༅། །འདི་གའི་ཆེད་གཉེར་གསར་འགོ་ད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྟ་དབང་དགོན་པའི་གཤམ་འོག་ཏུ་རྟེན་གཞི་བྱས་པའི་ཡིད་དགའ་ཆོས་འཛིན་གསུང་རྭའི་ནང་སྔ་དྲོའི་བཀའ་ཆོས་ལེགས་པར་གྲུབ་རྗེས། ཕྱི་ནང་གསར་འགོད་པ་མི་གྲངས་ ༥༠ ལྷག་ཙམ་ལ་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་གི་ཆིབས་སྒྱུར་དང་འབྲེལ་བའི་བཀའ་སློབ་དང་། གསར་འགོད་པའི་དྲི་བར་བཀའ་ལན་སྩལ་ཡོད།

དེ་ཡང་༸གོང་ས་མཆོག་གིས་ཉིན་གུང་ཆུ་ཚོད་ ༡༢ དང་ཕྱེད་ཀ་ཙམ་ལ་གསར་འགོད་པ་རྣམས་ལ་བཀའ་སློབ་སྩལ་དོན། གསར་འགོད་པ་ཧ་ཅང་མང་པོ་འདིར་ཕེབས་འདུག ཐུགས་རྗེ་ཆེ། དེང་དུས་སྤྱི་ཚོགས་ནང་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་མང་ཚོགས་རྣམས་ཀྱིས་ཤེས་རྟོགས་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། གསར་འགོད་པ་ཚོར་གནས་ཚུལ་གང་བྱུང་བ་རྣམས་མང་ཚོགས་ལ་དུས་ཐོག་སྤེལ་རྒྱུའི་འགན་ཆེན་པོ་ཞིག་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་ཚོ་གསར་འགོད་པའི་ལས་དོན་ལ་བསྔགས་བརྗོད་ཞུ་རྒྱུ་ཡིན། འོན་ཀྱང་གནས་ཚུལ་རྣམས་མཐའ་གཉིས་སུ་མ་ལྷུང་བར་དྲང་བདེན་གྱི་ལམ་ནས་སྤེལ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

དེ་ནས་ངོས་རང་ས་གནས་འདིར་ཡོང་བའི་སྐོར་ལ་ཞུས་ན། ཐོག་མ་དེར་ངོས་ཀྱིས་འགྲོ་བ་མིའི་ནང་གི་གཤིས་རྒྱུད་དང་འབྲེལ་བའི་བཟང་སྤྱོད་གོང་མཐོར་གཏོང་རྒྱུ་དང་། གཉིས་པ་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ།  དེ་ནས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་བཅས་ལས་འགན་གཙོ་བོ་གསུམ་གྱི་ཐོག་ཤུགས་རྒྱག་བཞིན་ཡོད།

01ཉེ་ལམ་ཊ་ཊ་སྤྱི་ཚོགས་ཚན་རིག་ཉམས་ཞིབ་བསྟི་གནས་ཁང་ Tata Institute of Social Science and Research གིས་ཉམས་ཞིབ་བྱས་འབྲས་སུ་རིས་མེད་ཀྱི་ལྟ་གྲུབ་གཞི་ལ་བཞག་ནས་སློབ་ཚན་ཟུར་དུ་གཏན་འབེབས་བྱ་རྒྱུའི་ལས་འཆར་སྤེལ་བཞིན་ཡོད། ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ང་ཚོས་དེའི་ཐོག་བགྲོ་གླེང་ཤུགས་ཆེན་པོ་ཞིག་བྱ་རྒྱུ་ཡིན། དེར་བརྟེན་གཞི་རྩའི་མིའི་རང་བཞིན་ལྷན་སྐྱེས་བྱམས་བརྩེ་ལྡན་པ་ཡིན་པ་ཚན་རིག་པས་བརྗོད་ཀྱི་ཡོད།

མོན་པ་ཚོའང་མི་རེད། ཁོང་ཚོ་ལའང་ངོས་ཀྱིས་དེ་ཚོའི་སྐོར་བརྗོད་ཀྱི་ཡོད། ཡུལ་པ་ཚོས་ངོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་དེ་ཁྱེད་ཚོས་དོ་སྣང་བྱུང་ཡོད།   དེར་བརྟེན་ངོས་ཀྱི་བསམ་འཆར་འགའ་རེ་ལ་ཁོང་ཚོས་ཉན་འཇོག་བྱེད་རྒྱུ་རེད། ཆོས་ལུགས་མཐུན་སྒྲིལ་ལ་མཚོན་ན་རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ནས་ཆོས་ལུགས་འདྲ་མིན་འཆམ་མཐུན་ངང་འཚོ་གནས་བྱེད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས།

གསར་འགོད་པ་ཁག་གཅིག་གིས་འབྱུང་འགྱུར་ཏཱ་ལའི་བླ་མའི་༸སྐུའི་ཡང་སྲིད་སྐོར་གྱི་དྲི་བར་བཀའ་ལན་སྩོལ་སྐབས།  ཏཱ་ལའི་བླ་མའི་བླ་འབྲང་གནས་དང་མ་གནས་དེ་བོད་རྒྱ་ཆེའི་མི་མང་གིས་ཐག་གཅོད་བྱེད་དགོས་པ་དང་། དེ་སྔ་རྒྱ་ནག་གོང་མ་ཚོ་ཕྱོགས་གཅིག་ནས་ནང་པ་ཡིན་ཞིང་། གཉིས་ནས་བོད་མི་དང་བླ་སློབ་ཀྱི་འབྲེལ་བ་ཡོད།

དེར་བརྟེན་གོང་མས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱས་པ་ཡིན་ནའང་བླ་སློབ་ཀྱི་འབྲེལ་བ་དང་དད་གུས་ཡོད་སྟབས་རྒྱུ་མཚན་ལྡན་པ་ཞིག་ཡིན། འོན་ཀྱང་ད་ལྟའི་རྒྱ་ནག་སྲིད་གཞུང་འདི་ཕྱོགས་གཅིག་ནས་དམར་པོའི་རིང་ལུགས་ཡིན་པ་དང་། གཉིས་ནས་ཆོས་ཁས་མི་ལེན་པར་བརྟེན། ཏཱ་ལའི་བླ་མའི་ཡང་སྲིད་རྩད་གཅོད་བྱེད་དགོས་ཚེ་ཐོག་མར་ཆོས་ཁས་ལེན་དགོས། དེ་ནས་སྐྱེ་བ་སྔ་ཕྱི་ཁས་ལེན་དགོས། དེ་ནས་གཞི་ནས་ཐོག་མར་མའོ་ཙེ་ཏུང་གི་ཡང་སྲིད་འཚོལ་དགོས། དེ་རྗེས་ཏིང་ཞའོ་ཕིང་གི་ཡང་སྲིད་རྩད་གཅོད་བྱོས། དེ་རྗེས་གཞི་ནས་ཏཱ་ལའི་བླ་མའི་ཡང་སྲིད་སྐོར་བྱུས་ཏོག་བྱེད་ཚེ་རྒྱུ་མཚན་ལྡན་པ་རེད།  དེ་མིན་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནར་དམིགས་ནས་བཤད་པ་ལས་གཞན་རྒྱུ་མཚན་གང་ཡང་མེད་སྐོར་བཀའ་ལན་སྩལ།

སྐབས་དེར་གསར་འགོད་པ་ཞིག་གིས་༸རྒྱལ་དབང་༸སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ཏཱ་ལའི་བླ་མ་༸སྐུ་ཕྲེང་མཐའ་མ་ཡིན་སྲིད་པའི་སྐོར་དེ་སྔ་བཀའ་སློབ་སྩལ་ཡོད་སྟབས་དེ་ལྟར་ཡོང་སྲིད་མིན་གྱི་དྲི་བར་བཀའ་ལན་སྩལ་དོན།  ཕྱི་ལོ་ ༡༩༦༩ ཟླ་ ༣ ཚེས་ ༡༠ ཉིན་དགའ་ལྡན་ཕོ་བྲང་ནས་གཞུང་འབྲེལ་བསྒྲགས་གཏམ་ཞིག་སྤེལ་ཡོད། དེའི་ནང་ངོས་ཀྱིས་འབྱུང་འགྱུར་ཏཱ་ལའི་བླ་མའི་བླ་བྲང་མུ་མཐུད་གནས་དང་མ་གནས་དེ་བོད་མི་ཚོས་ཐག་གཅོད་བྱ་རྒྱུ་རེད། གལ་ཏེ་བོད་མི་མང་ཆེ་བས་ད་ཆ་ཏཱ་ལའི་བླ་མའི་བླ་བྲང་འདི་དགོས་པ་མིན་འདུག་བསམས་པ་བྱུང་ན་བླ་བྲང་མཇུག་བསྡུ་རྒྱུ་རེད།

འོན་ཀྱང་ད་ལྟའི་གནས་སྟངས་ལ་གཞིགས་ན་སོག་རིགས་ཧ་ཅང་མང་པོ་ཞིག་གིས་ངོས་ལ་དད་གུས་ཧ་ཅང་བྱེད་ཀྱི་འདུག  དེ་ནས་བོད་རིགས་ཀྱིས་གཙོས་ཨ་རུ་ནཱ་ཅལ་ནས་ནུབ་ལ་དྭགས་བར་ངོས་ལ་དད་གུས་ཧ་ཅང་འདུག  དེར་བརྟེན་འདི་ལོར་གནད་དོན་འདིའི་ཐོག་ཚོགས་འདུ་བྱ་རྒྱུ་ཡིན།  ལོ་ཤས་གོང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཁག་ལྷན་ཚོགས་བྱས་ནས་གོ་བསྡུར་བྱེད་རྒྱུའི་ལམ་སྲོལ་ཞིག་ཡོད།  ཚོགས་འདུ་མཐའ་མ་དེའི་སྐབས་ང་ཚོས་ཏཱ་ལའི་བླ་མའི་བླ་བྲང་སྐོར་གོ་བསྡུར་བྱས་པ་རེད། སྐབས་དེར་ཐག་གཅོད་གང་བྱུང་བ་རེད་ཟེར་ན།

ངོས་རང་ལོ་བརྒྱད་ཅུའི་མཇུག་ཙམ་དང་། ཡང་ན་ལོ་དགུ་བཅུ་ཙམ་ལ་བསླེབས་སྐབས་ཚོགས་འདུ་ཞིག་ཚོགས་ནས་གནད་དོན་གལ་ཆེའི་ཐོག་ཐག་གཅོད་བྱེད་རྒྱུ་དང་།   དེའི་བར་འདི་ལོར་ངོས་ཀྱིས་སྔོན་འགྲོའི་ཚོགས་འདུ་ལྟ་བུ་ཞིག་གྲ་སྒྲིག་གི་ཚུལ་དུ་འཚོགས་འདོད་བྱུང་། སྐབས་དེར་སོག་པོ་ཚོ་ཡང་ཚོགས་འདུར་ཡོད།  ཅེས་བཀའ་ལན་སྩལ།

ཡང་གསར་འགོད་པ་གཞན་ཞིག་གིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱངས་པ་དེར་རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་དོ་ཕོག་འགྲོ་རྒྱུའི་ཉེན་བརྡ་ལན་མང་བཏང་བ་དེར་དགོངས་ཚུལ་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་དོན།

ངོས་ཀྱིས་དེ་སྔ་གྷོ་ཧ་ཊིར་བརྗོད་རྒྱུ་བྱུང་། རྒྱ་ནག་གཞུང་གི་ལས་བྱེད་གཅིག་འདིར་ངོས་དང་ལྷན་ཕེབས་ནས་ངོས་རང་ས་གནས་གང་དུ་བསྐྱོད་ནས་ལས་ཀ་ཇི་འདྲ་བྱེད་མིན་དང་། སྐད་ཆ་གང་འདྲ་བཤད་མིན་ཐད་རྟོག་ཞིབ་བྱེད་རོགས།  ཞེས་བརྗོད་རྒྱུ་བྱུང་། རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་ཤེས་དགོས།  ངོས་རང་རྒྱུན་དུ་རྒྱ་རིགས་གསར་འགོད་པས་གཙོས་རྒྱ་རིགས་རྣམས་དང་ཐུག་སྐབས། རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་ཤེས་པ་ཡིན་ན། རྒྱ་ནག་མི་དམངས་དུང་ཕྱུར་ ༡༣ རྣམས་ལ་བདེན་རྫུན་དབྱེ་བ་འབྱེད་རྒྱུའི་རྣམ་དཔྱོད་ཀྱང་ལྡན་ཡོད་སྐོར་བཤད་ཀྱི་ཡོད། ངོས་རང་ཨ་རི་དང་ཨོ་སི་ཊོ་ལི་ཡ། ཉི་ཧོང་སོགས་ནང་བསྐྱོད་སྐབས་རྒྱ་རིགས་ཧ་ཅང་མང་པོ་ཐུག་གི་ཡོད།

སྐབས་དེར་ཁོང་ཚོ་མང་པོ་ཞིག་གིས་ཁོང་ཚོ་རྒྱ་ནག་ཏུ་ཡོད་སྐབས་རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མའི་སྐོར་ལ་དྲིལ་བསྒྲགས་གང་བྱས་པ་དེ་ཁོ་ན་མ་གཏོགས་མི་ཤེས་པ་དང་། ཐེངས་ཤིག་རྒྱ་རིགས་སློབ་ཕྲུག་གཅིག་གིས་ངོས་དང་ཐུག་ནས་ཁོང་གིས་སྐབས་དེར་ཁོང་རྒྱ་ནག་ཏུ་ཡོད་སྐབས།  ཏཱ་ལའི་བླ་མ་བརྗོད་སྐབས་མི་རྒན་འཁོགས་བསམ་བློ་གུ་དོག་ཅན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་དང་། དེ་རྗེས་ཁོང་གིས་ཨ་རིར་ངོས་ཀྱི་གཏམ་བཤད་ཉན་རྗེས། ཏཱ་ལའི་བླ་མ་དེ་འདྲ་རེད་མི་འདུག ཅེས་ཁོང་ལ་ངེས་པ་རྙེད་འདུག དེ་རྗེས་ཆེད་མངགས་ངོས་རང་ཐུག་པར་བསླེབས་བྱུང་།

དེར་བརྟེན་ངོས་ཀྱིས་བསམ་པར་རྒྱ་ནག་གཞུང་གིས་ཆེད་མངགས་མི་དམངས་རྣམས་ལ་གནས་ཚུལ་འཁྱོག་བཤད་སྤེལ་བཞིན་ཡོད།  རྒྱ་ནག་གཞུང་གིས་ཕྱོགས་གཅིག་ཁོ་ནའི་གནས་ཚུལ་དང་མི་མང་ལ་འཁྱོག་བཤད་སྤེལ་བ་དེ་དག་བཟང་སྤྱོད་ཐོག་ནས་ནོར་འཛོལ་ཆེན་པོ་ཞིག་རེད། རང་གི་མི་དམངས་རྣམས་ལ་རང་གིས་མགོ་སྐོར་གཏོང་བཞིན་ཡོད། དེར་བརྟེན་ཕྱི་གསལ་ནང་གསལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད།  དེ་ནས་རྒྱ་ནག་གི་ཁྲིམས་ལུགས་ཀྱི་གནས་ཚད་འདི་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་གནས་ཚད་ཐོག་བསླེབས་ཐུབ་པ་ཞིག་ངེས་པར་དུ་བཟོ་དགོས།   ཞེས་སོགས་ཀྱིས་བཀའ་ལན་སྩལ།

དེ་རྗེས་གསར་འགོད་པ་ཞིག་གིས་རྒྱ་གར་གྱི་སྲིད་འཛིན་ན་རེནྡྲ་མོ་དི་མཆོག་གི་སྲིད་གཞུང་དང་དེ་སྔའི་ཀོང་རེ་སི་ཚོགས་པའི་སྲིད་གཞུང་གཉིས་ཀྱི་ཕྱི་འབྲེལ་སྲིད་བྱུས་ལ་ཁྱད་པར་ཡོད་མེད་ཀྱི་དྲི་བར་བཀའ་ལན་སྩལ་དོན།  རྒྱ་གར་ཕྱི་འབྲེལ་སྲིད་བྱུས་ཐད་དེ་སྔ་ལྟར་འགྲོ་བཞིན་ཡོད་པ་ལས་ཁྱད་པར་དེ་ཙམ་མེད།  སྲིད་བློན་མོ་དི་མཆོག་ལ་ངོས་ཀྱིས་བསྔགས་བརྗོད་ཞུ་བཞིན་ཡོད།  ཕྱག་ལས་ཧུར་ཐག་གནང་མཁན་ཞིག་རེད།  ཁོང་དེ་སྔ་གུ་ཇི་ར་ཏི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཡིན་སྟབས་ཐེངས་ཤིག་ཁུལ་དེར་ནང་པའི་ལྷན་ཚོགས་སྐབས་ཤིག་ངོས་ལ་མགྲོན་འབོད་གནང་བྱུང་།  སྐབས་དེར་ངོས་གཉིས་གོ་བསྡུར་བྱེད་སྐབས་མཐོང་ཚུལ་ཧ་ཅང་ཡག་པོ་བྱུང་། ལྷག་པར་ཁོང་གིས་ཞིང་པའི་དོན་དག་ལ་བསམ་བློ་གཏོང་གནང་གི་འདུག འདི་ནི་ཧ་ཅང་ཡག་པོ་རེད།    གྲོང་ཁྱེར་ཆེན་པོ་ཁོ་ན་མིན་པར་གྲོང་གསེབ་ས་ཁུལ་ཁག་ལ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ངོས་ཀྱིས་དུས་རྟག་ཏུ་རྒྱ་གར་གྲོགས་པོ་ཚོར་བརྗོད་ཀྱི་ཡོད། ཅེས་སོགས་ཀྱི་བཀའ་ལན་སྩལ།

རྒྱ་ནག་གཞུང་གིས་དུས་རྟག་ཏུ་༸གོང་ས་མཆོག་ཨ་རུ་ནཱ་ཅལ་ས་ཁུལ་དུ་ཆིབས་སྒྱུར་བསྐྱངས་སྐབས་ཆབ་སྲིད་ཀྱི་གནད་དོན་ཞིག་བཟོ་བཞིན་ཡོད་པ་དང་། ཐེངས་འདིར་ཡང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱངས་པ་དེར་༸གོང་ས་མཆོག་དང་རྒྱ་གར་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་ཞུས་ཡོད་སྐོར་གྱི་དྲི་བར་བཀའ་ལན་སྩལ་དོན།  རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་དག་རྒྱུན་ལྡན་ཤིག་ཡིན་སྟབས།  རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ལ་དཀའ་ངལ་གང་ཡང་འཕྲད་རྒྱུ་མིན་པ་དང་།  དེ་ནི་དུས་ཚོད་རིམ་སོང་རྗེས་ཤེས་རྟོགས་ཐུབ་རྒྱུ་ཞིག་ཡིན་ཞིང་།   མགོན་པོ་གང་ཉིད་མཆོག་ད་ཆ་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་རྒས་ཡོལ་ཆ་ཚང་ཞུས་ཟིན་སྟབས་ས་གནས་གང་དུ་ཆིབས་སྒྱུར་བསྐྱངས་ཡང་ཆོས་ཕྱོགས་ཁོ་ན་ལས་ཆབ་སྲིད་འགན་དེ་ད་ཆ་མི་མང་གིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་འགོ་ཁྲིད་ནས་འགན་འཁྱེར་བཞིན་ཡོད་སྐོར་བཀའ་ལན་སྩལ།

དེ་རྗེས་བོད་དུ་ཕྱིར་༸ཞབས་སོར་འཁོད་གནང་མཛད་རྒྱུར་ཐུགས་འདོད་ཡོད་མེད་སྐོར་བཀའ་འདྲི་ཞུ་སྐབས། བོད་ནང་གི་བོད་མི་དང་རྒྱ་ནག་སྐམ་སའི་རྒྱ་རིགས་ཚོས་ཀྱང་༸གོང་ས་མཆོག་བོད་དུ་༸ཞབས་སོར་འཁོད་ཐུབ་རྒྱུར་ངང་སྒུག་ཞུ་བཞིན་ཡོད་སྐོར་དང་།  རྒྱ་ནག་ནང་དུ་དེང་སྐབས་རྒྱ་རིགས་ནང་པ་ས་ཡ་བཞི་བརྒྱ་ལྷག་ཡོད་པ་དང་།  རྒྱ་རིགས་དེ་དག་ཕལ་མོ་ཆེ་ཤེས་ཡོན་ལྡན་ཞིང་བོད་བརྒྱུད་ནང་བསྟན་ལ་དད་གུས་ཞུ་བཞིན་ཡོད་སྐོར་དང་།

༸གོང་ས་མཆོག་གིས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་ཐོག་ནས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་བཞིན་ཡོད་ཀྱང་རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་ཁ་བྲལ་བ་ཡིན་པའི་སྐྱོན་བརྗོད་ཞུ་བཞིན་ཡོད་སྐོར་བཀའ་ལན་སྩལ།

ཕྱོགས་མཚུངས་བོད་རྒྱ་གྲོས་མོལ་སྐོར་གྱི་དྲི་བར། བོད་ནང་དཀའ་ངལ་ཡོད་པ་དང་། དེ་ལ་བརྟེན་ནས་༸གོང་ས་མཆོག་ལ་རྒྱ་ནག་གཞུང་གིས་ཚོར་བ་ཧ་ཅང་རྣོ་པོའི་ཐོག་ནས་བལྟ་བཞིན་ཡོད་སྐོར་དང་། བོད་ཀྱི་དཀའ་ངལ་དེ་དག་སེལ་དགོས་ན་ཐབས་ལམ་བཟང་ཤོས་ནི་དབུ་མའི་ལམ་གྱི་ཐབས་ལམ་ཁོ་ན་ཡིན་པར་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་ལན་སྩལ།

དེ་ནས་ཨ་རིའི་སྲིད་འཛིན་ཊམ་ Donald Trump མཆོག་གིས་ཕྱི་མི་གནས་སྤོ་བྱ་རྒྱུའི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་མེད་ཀྱི་དྲི་བར་བཀའ་ལན་སྩལ་དོན། གཞི་རྩའི་ཆ་ནས་ཨ་རི་རྒྱལ་ཁབ་ནི་ཕུལ་བྱུང་རྒྱལ་ཁབ་གཅིག་ཡིན་པ་དང་། རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མཁན་ཞིག་ཡིན།  དེང་སྐབས་ཨ་རིའི་ནང་དུ་བསམ་བློ་གསར་པ་ཞིག་ཡོད་པ། ཨ་རི་བ་ཚོ་དང་པོ།  American First ཞེས་པའི་བསམ་བློ་དེར་ཏོག་ཙམ་མོས་མཐུན་མེད།  རང་དབང་ཡུལ་གྲུའི་འགོ་ཁྲིད་མཁན་གྱི་རྒྱལ་ཁབ་གཅིག་ཡིན་པར་བརྟེན་དེར་གཞིགས་པའི་བསམ་བློ་གཏོང་དགོས།  ཨ་རི་དང་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་དབར་གྱི་འབྲེལ་ལམ་དེ་དག་ཧ་ཅང་གནད་འགག་ཆེན་པོ་རེད།

སྤྱིར་མི་མང་ཚོས་འདོད་མོས་ལྟར་འགྲོ་དགོས་པ་རེད། ཨིན་ཇིས་ཡུ་རོབ་སྤྱི་མཐུན་ཚོགས་པ་ European Union ནས་ཕྱིར་ཐོན་པ་རེད།  ངོས་ཀྱིས་བསམ་པར་ཡུ་རོབ་སྤྱི་མཐུན་ཚོགས་པ་དེས་སྤྱི་མཐུན་ཚོགས་པའི་ནང་ཡོད་པའི་རྒྱལ་ཁབ་ཕན་ཚུན་དབར་དམག་འཁྲུག་མི་ཡོང་བར་ཁས་ལེན་བྱེད་ཆོག དཔལ་འབྱོར་ཐོག་ནས་ཀྱང་དགེ་མཚན་ཆེ་བ་ཡོད། སྤྱི་མཐུན་གྱི་དཔལ་འབྱོར་དེ་དགེ་མཚན་ཆེ་བ་ཡོད། ངོས་ཀྱིས་འཇར་མན་ལ་བསྔགས་བརྗོད་ཞུ་བཞིན་ཡོད། འཇར་མན་ཡུལ་ལ་མཚོན་ན་དངུལ་གྱི་རིན་ཐང་ཆེན་པོ་ཡོད། འོན་ཀྱང་སྤྱིའི་ཁེ་ཕན་ལ་བསམ་བློ་བཏང་ནས་དངུལ་གྱི་རིན་ཐང་བློས་གཏོང་བྱས་ནས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ནང་མཉམ་ཞུགས་བྱས་ཡོད།

དེར་བརྟེན་ངོས་ཀྱིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྒྲིག་འཛུགས་དེ་ཨ་ཕི་རི་ཀའི་ནང་དུ་ལག་བསྟར་བྱེད་དགོས་པ་བརྗོད་ཀྱི་ཡོད།  ཨ་ཕི་རི་ཀའི་སྤྱི་མཐུན་ཚོགས་པ་ African Union ཞིག་བྱུང་ཐུབ་པ་ཡིན་ན་ནང་འཁྲུག་མང་པོ་ཤིག་རང་བཞིན་གྱིས་མཚམས་འཇོག་ཡོང་རྒྱུ་རེད། དེ་བཞིན་ལྷོ་ཨ་རིའི་སྤྱི་མཐུན་ཚོགས་པ་ཞིག་འཛུགས་ཐུབ་པ་ཡིན་ན་ཧ་ཅང་ཕན་ཐོགས་ཡོང་ངེས། འདི་ནི་ངོས་ཀྱི་རྨི་ལམ་ཡིན། ཞེས་སོགས་ཀྱི་བཀའ་ལན་སྩལ།།

 

 

 

Share with your friends










Submit