མདུན་ཤོག » གསར་གནས། »

འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གཞུང་འབྲེལ་འཚམས་གཟིགས་ཕེབས་པ།

༢༠༡༧ ཟླ་ ༤ ཚེས་ ༡༨ རེས་གཟའ་མིག་དམར།

༄༅། །འདི་གར་འཕྲོད་བསྟེན་ལས་ཁུངས་ནས་བཏང་འབྱོར་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༧ ནས་ ༢༢ བར་བོད་མིའི་གཞིས་ཁག་བྷིར་བོད་ཚོགས་དང་། སྡེ་དགེ ཅོན་ཏ་ར། སུན་མཚོ་མན་གསུམ་བཅས་སུ་འཚམས་གཟིགས་ཕེབས་ཡོད།

དེ་ཡང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་གོ་པལ་སྤུར་བོད་ཁྱིམ་སློབ་གྲྭར་ཕེབས་འབྱོར་སྐབས་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི་བཅས་ནས་ཕེབས་བསུའི་སྣེ་ལེན་དང་སྦྲགས་སློབ་གྲྭའི་གནས་སྟངས་དང་འཕྲོད་བསྟེན་སྐོར་སྙན་གསེང་ཞུས། ཆུ་ཚོུད་ ༨།༥༠ ཐོག་སློབ་གྲྭའི་སྔ་དྲོའི་འདུ་འཛོམས་སུ་སློབ་ཕྲུག་རྣམས་ནས་བཀའ་བློན་མཆོག་ལ་ཕེབས་བསུ་དང་སྦྲགས་སློབ་གྲྭའི་དབུ་འཛིན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་། དེ་རྗེས་བཀའ་བློན་མཆོག་གིས་སློབ་ཕྲུག་རྣམས་ལ་འཕྲོད་བསྟེན་ཐོག་དོ་སྣང་དགོས་གལ་ཆེ་སྐོར་དང་ཡང་སྒོས་སུ་ནད་རིགས་སྔོན་འགོག་སྐོར་གསུང་བཤད་གནང་།

དེ་རྗེས་ཚོུད་ ༡༢ ཐོག་བྷིར་བོད་ཚོགས་སུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་གྱིས་གཙོས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་རང་བདེན་ཚོགས་གཙོ། དགོན་སྡེ་ཁག་གི་དབུ་ལས་དང་སློབ་གྲྭའི་འགན་འཛིན། སྨན་ཁང་འགན་འཛིན། ཡན་ལག་སྨན་རྩིས་ཁང་གི་སྨན་པ། ས་གནས་གཞོན་ནུ་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས།

དེ་རྗེས་ཚོུད་ ༢ ཙམ་ལ་ཚོགས་ཁང་དུ་མི་མང་འདུ་འཛོམས་སྐབས་ས་གནས་འགོ་འཛིན་གྱིས་ས་གནས་ཀྱི་གནས་སྟངས་ངོ་སྤྲོད་གནང་གྲུབ་བསྟུན། འཕྲོད་བསྟེན་བཀའ་བློན་མཆོག་གིས་མང་ཚོགས་ལ་བཀའ་ཤག་གི་ལྔ་དང་ལྔ་བཅུའི་ལས་འཆར་སྐོར་དང་། དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་ཞི་མོལ། འཕྲོད་བསྟེན་ལས་ཁུངས་ཀྱི་ལས་འཆར་ཁག ཤེས་རིག་སློབ་ཡོན་སོགས་ཀྱི་སྐོར་གསུང་བཤད་གནང་གྲུབ་མཚམས་མི་མང་གིས་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་། ཆུ་ཚོད་ ༤ ཐོག་བྷིར་བོད་ཚོགས་ཁྱབ་ཁོངས་སུ་ཡོད་པའི་དགོན་སྡེ་ཁག་ལ་གནས་གཟིགས་དང་སློབ་གྲྭ ཡན་ལག་སྨན་རྩིས་ཁང་དང་འཕྲོད་བསྟེན་སྨན་ཁང་བཅས་ལ་གཟིགས་སྐོར་གནང་། ཕྱི་ཚེས་ ༡༨ ནས་བྷིར་སྡེ་དགེ་དང་ཅོན་ཏ་ར་སུན་མཚོ་མན་གསུམ་ལ་རིམ་བཞིན་འཚམས་གཟིགས་ཕེབས་བཞིན་ཡོད་པ་བཅས།།

Share with your friends










Submit