མདུན་ཤོག » གསར་གནས། »

ནང་སྲིད་བཀའ་བློན་མཆོག་གིས་ས་ཏོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་ཀྱི་མགྲོན་ཁང་དབུ་འབྱེད་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༤ ཚེས་ ༢༡ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་གིས་ས་ཏོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས་སུ་ནང་སྲིད་ལས་ཁུངས་ཀྱི་མཐུན་འགྱུར་རོགས་སྐྱོར་འོག་ས་གནས་འགོ་འཛིན་ལས་ཁུངས་ཀྱི་མགྲོན་ཁང་གསར་པའི་ལས་གཞི་ལེགས་གྲུབ་བྱུང་བ་དེ་ཉིད་དབུ་འབྱེད་གནང་འདུག

དེ་ཡང་མགྲོན་ཁང་དབུ་འབྱེད་ཀྱི་མཛད་སྒོར་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་རྟེན་གཞི་བྱས་པའི་ཞ་ལུ་དགོན་པའི་དགེ་འདུན་པ་གཉིས་ཀྱིས་ཤིས་བརྗོད་གསུང་འདོན་གནང་རྗེས་ནང་སྲིད་བཀའ་བློན་མཆོག་གིས་པང་རྡོ་ཞལ་ཕྱེ་དང་། དེ་བཞིན་མགྲོན་ཁང་གི་རྒྱལ་སྒོའི་དར་མཚོན་སྣ་ལྔ་གཅོད་འབྲེག་དང་འབྲེལ་དབུ་འབྱེད་གནང་ཡོད།

དེ་ནས་ལས་དྲུང་བསྟན་འཛིན་བསམ་གྲུབ་ལགས་ཀྱིས་ལས་རིམ་སྒྲོགས་སྦྱང་དང་། ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས། བཀའ་བློན་མཆོག་གིས་ཐེངས་འདིར་ས་གནས་སུ་ཕེབས་དགོས་པའི་རྒྱུ་མཚན་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་སྐབས་ ༡༥ བཀའ་ཤག་ལོ་གཅིག་ཧྲིལ་པོ་འཁོར་ལ་ཉེ་བར་བརྟེན་མི་མང་ཡོངས་ལ་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་སྦྲགས།  བཀའ་ཤག་གིས་བཀའ་བློན་རྣམ་པ་ཕྱོགས་མཐའི་བོད་མིའི་གཞིས་ཆགས་ཁག་ཏུ་ས་བགོས་ཕྱོགས་ཕེབས་ལས་གཞི་ལྟར་བདེ་སྲུང་བཀའ་བློན་མཆོག་ཐེངས་འདིར་སྡེ་ར་ལྡུན་ཉེ་འཁོར་ས་གནས་ཁག་ཏུ་འཚམས་གཟིགས་ཕེབས་ཟིན་ནའང་མགྲོན་ཁང་དབུ་འབྱེད་ཀྱི་མཛད་སྒོ་དེ་ཉིད་དེ་སྔ་ནས་གཏན་འབེབས་ཟིན་པ་ལྟར་བཀའ་བློན་མཆོག་ས་གནས་སུ་ཆེད་མངགས་ཕེབས་པའི་སྐོར་དང་། དེ་བཞིན་བཀའ་བློན་མཆོག་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལྔའི་ནང་འཚམས་གཟིགས་ཕེབས་པའི་སྐོར།

གཞན་ཡང་བཀའ་བློན་མཆོག་གིས་བཀའ་ཤག་གི་ལས་ཡུན་ལོ་ལྔ་ལས་མེད་ཀྱང་དེའི་རིང་བཀའ་ཤག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་སྒྱུར་བསྐྱང་ཐུབ་ཐབས་དང་། བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་ཐབས་ཀྱི་དམིགས་ཡུལ་བཟུང་བའི་ཐོག འབྱུང་འགྱུར་ལོ་ལྔ་བཅུ་བཙན་བྱོལ་ནང་གནས་དགོས་བྱུང་ཡང་བོད་མིའི་སྒྲིག་འཛུགས་སྲ་བརྟན་དགོས་གལ་ལ་སོང་བོད་མིའི་སྒྲིག་འཛུགས་འདི་མུ་མཐུད་གནས་ཐབས་སུ་ཤུགས་རྒྱག་རྒྱུ་ནི་བཀའ་ཤག་གི་ལྔ་དང་ལྔ་བཅུའི་འཐབ་བྱུས་ཤིག་ཆགས་ཡོད།

དེ་བཞིན་ལྔ་དང་ལྟ་བཅུའི་ཐབས་བྱུས་འོག མང་ཚོགས་ཀྱི་མཉམ་ཞུགས་བརྒྱུད་གཞིས་ཆགས་སྤྱི་ཡོངས་ཡར་རྒྱས་ཀྱི་ལས་གཞི།  དངུལ་ཁང་ལྟ་བུ་བཙུགས་རྗེས་བོད་མི་སུད་ཚོང་བར་སྐྱེད་ཆུང་བུན་གཡར་ལས་གཞི། འགོ་ཁྲིད་ཀྱི་ནུས་པ་སྐྱེད་སྲིང་བྱེད་རྒྱུའི་ལས་གཞི་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། 

མང་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་གོ་རྟོགས་ཤུགས་ཆེ་སྤེལ་དགོས་པ་དང་། བོད་ཀྱི་བདེན་མཐའ་གསལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལས་ཐབས་ལམ་བཟང་བ་གཞན་ཞིག་ད་ལྟའི་ཆར་མེད་སྐོར་གསུངས་པ་དང་ཆབས་ཅིག བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་དགོས་གལ་དང་། དྭང་སློབ་ཏུ་འཛུལ་ཞུགས་བྱེད་མཁན་ཉུང་དུ་འགྲོ་བཞིན་པར་བརྟེན།  དྭང་སློབ་ཏུ་གཏོང་རྒྱུ་གལ་འགངས་སྐོར། བོད་རིགས་མི་འབོར་འཕེལ་རྒྱས་དགོས་གལ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལོ་འཁོར་སྔོན་རྩིས། བུད་མེད་ནུས་སྟོབས་གོང་སྤེལ་གྱི་སྲིད་བྱུས།  གསུམ་པའི་བཅུ་གཉིས་ཉིན་བུད་མེད་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་ཐད་འགྲེལ་བརྗོད། བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཕྱི་ལོ་ ༢༠༡༧ ལོར་ལས་འགུལ་གྱི་ལོ་དང་། ཕྱི་ལོ་ ༢༠༡༨ ལོར་ཐུགས་རྗེ་ལེགས་འབུལ་གྱི་ལོ་སྲུང་བརྩི་ཞུ་རྒྱུའི་སྐོར། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད། ཕྱེད་ཡོལ་བཀའ་བློན་མཆོག་ས་ཏོན་ནས་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་བཙུགས་ནས་ལོ་ ༥༠ འཁོར་བའི་མཛད་སྒོར་མཉམ་ཞུགས་ཆེད་ཕེབས་གནང་ཡོད་པ་བཅས། །

Share with your friends










Submit