༢༠༡༧ ཟླ་ ༣ ཚེས་ ༣༠ རེས་གཟའ་ཕུར་བུ།
༄༅། །ཨོ་སི་ཀྲི་ལི་ཡའི་སྐུ་ཚབ་དོན་གཅོད་ལས་ཁང་ནས་བཏང་འབྱོར་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་གུང་ཆུ་ཚོད་ ༡༢ ཐོག ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་སྐུ་ཞབས་པི་ཀྲར་སི་ལི་པལ་ Peter slipper མཆོག་གི་སྣུམ་མཚོན་སྐུ་པར་གྲོས་ཚོགས་སུ་འགེལ་བའི་དབུ་འབྱེད་མཛད་སྒོ་གལ་ཆེན་ཞིག་འཚོགས་ཡོད། མཛད་སྒོ་གོ་སྒྲིག་ཚོགས་ཆུང་ནས་མགྲོན་འབོད་ལྟར། ཨོ་སི་ཀྲི་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁང་གི་དོན་གཅོད་མཚོ་མགོ་ལྷག་པ་ལགས་དང་། དོན་གཅོད་ཟུར་པ་ཨ་ཏི་ཤ་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་ཆེད་དུ་བཅར་ནས་བཀྲ་ཤིས་རྟེན་འབྲེལ་གྱི་མཇལ་དར་ཡང་ཕུལ་ཡོད།
མཛད་སྒོའི་ཐོག་གྲོས་ཚོགས་གོང་འོག་གཉིས་ཀྱི་ཚོགས་གཙོ་གཙོས་པའི་གྲོས་ཚོགས་འཐུས་མི་མང་དག་གཅིག་སྐུ་མགྲོན་དུ་ཕེབས་ཡོད་པ་མ་ཟད། གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ནས་ཀྱང་གསུང་བཤད་གནང་སྟེ་ཚོགས་གཙོ་ཟུར་པ་སྐུ་ཞབས་པི་ཀྲར་སི་ལི་པལ་མཆོག་གི་མཛད་རྗེས་ལ་དྲན་གསོ་དང་བསྔགས་བརྗོད་ཤུགས་ཆེ་གནང་ཡོད།
ད་ཐེངས་ཀྱི་མཛད་སྒོ་གཙོ་སྐྱོང་གནང་མཁན་ནི་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེཡི་ཀལ་ཌིན་སྦི་ Michael Danby མཆོག་ཡིན་ཞིང་། ཁོང་གིས་གསུང་བཤད་གནང་སྐབས་ཚོགས་གཙོ་ཟུར་པ་སྐུ་ཞབས་པི་ཀྲ་སི་ལི་པལ་མཆོག་གིས་གྲོས་ཚོགས་ཀྱི་འཐུས་མི་དང་ཚོགས་གཙོའི་འགན་བཞེས་པའི་དུས་ཡུན་རིང་། བོད་དོན་གྱིས་གཙོས་ཉམ་ཞན་སྟོབས་ཆུང་དང་། དྲག་པོའི་གཞུང་གིས་གཉའ་གནོན་འོག་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་མི་རིགས་ལ་དམིགས་བསལ་ཐུགས་འགན་དང་གདུང་སེམས་མཉམ་སྐྱེ་གནང་ཡོད་པའི་སྐོར་གསུངས་ཡོད་སྟབས། བརྒྱུད་ལམ་ཁག་ཏུ་བོད་དོན་ཁྱབ་བསྒྲགས་ཀྱང་གང་འཚམས་བྱུང་ཡོད།
ཨོ་སི་ཀྲི་ལི་ཡའི་སྲིད་བློན་དང་། གྲོས་ཚོགས་ཀྱི་འཐུས་མི་རྣམས་ལས་འཁྱུར་ཞུས་རྗེས། ཁོང་རྣམ་པའི་སྣུམ་མཚོན་པར་རིས་གྲོས་ཚོགས་སུ་བང་རིམ་ལྟར་སྒྲིག་འགེལ་བྱ་རྒྱུའི་མཛད་སྒོ་དེ་བཞིན་དམིགས་བསལ་གལ་ཆེན་ཞིག་ཏུ་རྩིས་སྲོལ་ཡོད་པ་ལྟར། ད་ཐེངས་ཀྱི་མཛད་སྒོར་ཚོགས་ཟུར་ཁོང་གི་ནང་མི་སྤུན་མཆེད་དང་བཅས་སྐུ་མགྲོན་བརྒྱ་ཙམ་དང་། བརྒྱུད་ལམ་གལ་ཆེ་མང་པོའང་མགྲོན་འབོད་ལྟར་ཕེབས་ཏེ་ཁྱབ་བསྒྲགས་ཀྱང་ཤུགས་ཆེ་བྱུང་ཡོད།
ཚོགས་གཙོ་ཟུར་པ་སྐུ་ཞབས་པི་ཀྲར་སི་ལི་པལ་མཆོག་ནི་ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་ཚོགས་གཙོ་ཐེངས་ ༢༧ ཡིན་པ་མ་ཟད། ཨོ་སི་ཀྲི་ལི་ཡའི་གྲོས་ཚོགས་འཐུས་མི་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་ཕེབས་མཁན་དང་པོ་དེའང་ཆགས་ཀྱི་ཡོད་ལ། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ཐུགས་འགན་ཡུན་རིང་བཞེས་ཏེ་གྲོས་ཚོགས་ནང་དུས་རྟག་ཏུ་བོད་དོན་གླེང་སློང་གནང་མཁན་གྱི་སྐྱེ་བོ་དམ་པ་ཞིག་དང་། ད་དུང་མུ་མཐུད་བོད་དོན་ཐོག་ཤུགས་སྣོན་རྒྱག་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་བོད་པའི་བློས་ཐུབ་གྲོགས་པོ་ཞིག་ཀྱང་ཡིན་པ་རེད། །