༢༠༡༧ ཟླ་ ༣ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །འདི་གར་ཨོ་སི་ཊེ་ལི་ཡའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ ICT དང་འདི་ག་ཨོ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གི་གོ་སྒྲིག་འོག ཨོ་སི་ཊེ་ལི་ཡའི་གྲོས་ཚོགས་འཐུས་མི་རྣམས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ཉིད་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༦ ཉིན་ནས་འགོ་འཛུགས་གནང་ཡོད།
དེ་ཡང་ལས་འགུལ་གོ་སྒྲིག་ཚོགས་པའི་ཚོགས་གཙོ་བོད་མི་མང་སྤྱི་འཐུས་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་ལས་འགུལ་དེའི་སྐོར་ངོ་སྤྲོད་གནང་བ་ལྟར་ན། ད་ཐེངས་ཀྱི་ལས་འགུལ་སྤེལ་མཁན་བོད་མི་གཞོན་སྐྱེས་ ༡༤ དང་། རྒྱུས་སྟོན་པ་ ༤ བཅས་ཁྱོན་མི་གྲངས་ ༡༨ ཡོད་འདུག་ཅིང་།
ཕྱི་ཚེས་ ༢༦ དང་ ༢༧ བཅས་ཉིན་གྲངས་གཉིས་རིང་ཞུ་གཏུག་པ་རྣམས་ལ་ཁྱད་ལས་མཁས་དབང་གདན་ཞུའི་ཐོག བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་སྲིད་བྱུས་བཅས་གྲོས་ཚོགས་འཐུས་མི་རྣམས་ལ་ཞུ་གཏུག་སྐབས་ངོ་སྤྲོད་ཇི་ལྟར་ཞུ་དགོས་པ་བཅས་ཀྱི་ཐོག་ཟབ་སྦྱོང་གནང་རྒྱུ་ཡིན་པ་དང་། ཟབ་སྦྱོང་དེ་དག་ཟིན་རྗེས་ཕྱི་ཚེས་ ༢༨ ཉིན་ཨོ་གླིང་གྲོས་ཚོགས་འཐུས་མི་ ༤༥ ཙམ་ལ་མཇལ་འཕྲད་ཞུ་རྒྱུ་དང་། སྐབས་དེར་ལས་འགུལ་བ་རྣམས་ནས་ཨོ་གླིང་གྲོས་ཚོགས་འཐུས་མི་རྣམས་ལ། འདི་ལོའི་བོད་དོན་ཞུ་གཏུག་ལས་འགུལ་གྱི་བརྗོད་གཞི་གཙོ་བོ། བོད་ནང་གི་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ། ཅེས་པའི་ཐོག་ཞུ་གཏུག་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༢༦ ཉིན་རྒྱབ་ཆུ་ཚོད་ ༦།༣༠ ཐོག་སྐུ་ཚབ་དོན་གཅོད་མཚོ་འགོ་ལྷག་པ་ལགས་ཀྱིས་ལས་འགུལ་བ་རྣམས་ལ་ལམ་སྟོན་གསུང་བཤད་གནང་དོན། ཨོ་གླིང་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་ད་ཐེངས་ཞུ་གཏུག་གི་ལས་འགུལ་ཐེངས་དྲུག་པ་ཆགས་ཡོད། གུས་པ་དོན་གཅོད་ཀྱི་ལས་ཡུན་རིང་ལས་འགུལ་འདི་ལྟ་བུ་སྤེལ་ཐེངས་གསུམ་པ་ཆགས་ཀྱི་འདུག
ལས་འགུལ་འདི་ལོ་རེ་བཞིན་ཚགས་ཚུད་དུ་དང་མཉམ་ཞུགས་གནང་མཁན་གཞོན་སྐྱེས་ཇེ་མང་དུ་འགྲོ་བཞིན་པའི་རྣམ་པ་འདུག དེར་བརྟེན་ངས་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་དང་སྦྲགས། ལྷག་པར་ན་གཞོན་ཚོས་འགན་འཁུར་ཆེ་ཙམ་བཞེས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་དང་། མགོན་པོ་གང་ཉིད་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་གཞིར་བཟུང་བོད་ཀྱི་དངོས་ཡོད་གནས་སྟངས་དང་། བོད་དོན་བདེན་མཐའ་གསལ་ཐབས། དབུ་མའི་ལམ་གྱི་དགོངས་དོན་ཕྱི་མིར་འགྲེལ་བརྗོད་མཐིལ་ཕྱིན་གནང་ཐུབ་དགོས་པའི་བསྐུལ་མ་ཡང་གནང་ཡོད།
ད་ཐེངས་ལས་འགུལ་བ་རྣམས་ལ་ཟབ་སྦྱོང་གི་ལས་རིམ་ཁྲོད་དུ། འདི་ག་དོན་གཅོད་ལས་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་ཀྱང་རྒྱ་དམར་གཞུང་གི་བོད་ཐོག་དབང་བྱུས་འཛིན་པའི་ལས་ཁང་གི་སྒྲོམ་གཞི་དང་། དབང་བྱུས་འཛིན་སྟངས་ཀྱི་སྲིད་བྱུས་སྐོར་ཟབ་འཁྲིད་དང་དྲི་བ་དྲིས་ལན་ཡང་ཆུ་ཚོད་གཅིག་ལྷག་གནང་ཡོད། །