ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༩ ཉིན་རྡ་ས་དབུས་བོད་ཀྱི་སྨན་རྩིས་ཁང་དུ་༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཕྱག་བཏབ་ནས་ལོ་ངོ་བརྒྱ་དང་གཅིག་འཁོར་བ་དང་། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བཙན་བྱོལ་དུ་༸ཞབས་སོར་འཁོད་ནས་རིང་པོར་མ་ཐོགས་པར་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་བོད་ཀྱི་སྨན་རྩིས་ཁང་བསྐྱར་འཛུགས་མཛད་ནས་ལོ་ངོ་ ༥༦ འཁོར་བའི་དུས་དྲན་མཛད་སྒོ་གཟབ་རྒྱས་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དམིགས་བསལ་སྐུ་མགྲོན་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག ཁྲིམས་ཞིབ་པ་ཆེ་བ་མཆོག་དང་གཞན་མཆོག རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དབུས་སྨན་རྩིས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ། དབུས་སྨན་རྩིས་ཁང་གི་ངེས་སྟོན་པས་གཙོས་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་རྒྱུན་ལས་རྣམ་པ། དབུས་སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི། དགེ་ལས་སློབ་ཕྲུག་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་ལྷན་འཛོམས་ཀྱིས་ཐོག་མར་གཡུ་ཐོག་གསོལ་འདེབས་གསུང་འདོན་གནང་།
དེ་རྗེས་སྨན་རྩིས་ཁང་གི་ལས་བྱེད་ལས་མི་སློབ་ཕྲུག་བཅས་ནས་མཉམ་གཞས་དང་གཞས་སྣ་འཁྲབ་སྟོན་ཞུས་རྗེས་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་གྲུབ་བསྟུན། སྐུ་མགྲོན་གཙོ་བོ་མཆོག་གིས་སྨན་རྩིས་ཁང་གི་ལས་བྱེད་ཞབས་ལོ་ ༣༠ དང་ ༢༠ ལོན་པ་རྣམས་ལ་གཟེངས་བསྟོད་བྱ་དགའ་དང་དཔེ་དེབ་དབུ་འབྱེད་གནང་། དེ་ནས་དམིགས་བསལ་སྐུ་མགྲོན་མཆོག་གིས་སྨན་སློབ་སྐབས་ ༡༨།༡༩ དང་རྩིས་སློབ་སྐབས་ ༩།༡༠ རྣམས་ལ་ལོ་འཁོར་རྒྱུགས་འབྲས་རྩེ་ཐོན་གསུམ་དང་། ལོ་རེའི་རྩེ་ཕུད་སློབ་མ། སྤྱི་པའི་རྒན་བདག་བཅས་ལ་ཕྱག་འཁྱེར་དང་གཟེངས་བསྟོད་བྱ་དགའ་དང་། སྨན་སྦྱོར་སྡེ་ཚན་ནས་དེང་དུས་དང་མཐུན་པའི་སྨན་སྣེ་གྲངས་བཞི་བཟོ་སྐྲུན་ཞུས་པ་ཁག་དབུ་འབྱེད་གནང་སྟེ་གསུང་བཤད་གནང་དོན། གོང་དུ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་མཆོག་གིས་ལས་བསྡོམས་ཞིབ་ཕྲ་སྙན་སྒྲོན་གནང་གྲུབ་པ་རེད། དེར་བརྟེན་འདས་པའི་ལོ་ལྔའི་ནང་ཕྱག་ལས་གང་དང་གང་གནང་ཡོད་པ་དང་། གྲུབ་འབྲས་གང་ཐོན་ཡོད་པ། ལས་གཞི་དང་ལས་འཆར་གང་ཡོད་པ་དེའི་ཐོག་ཞིབ་ཕྲ་གསུངས་སོང་། དགའ་བསུ་ཞུ་གི་ཡོད། ལྷན་ཁང་ངོས་ནས་བསྔགས་བརྗོད་ཞུ་གི་ཡོད། འོན་ཀྱང་ད་དུང་ཡིན་ནའང་འགན་འཛིན་མཆོག་གིས་གསུངས་པ་ལྟར་འདིའི་ཐོག་སྔར་ལྷག་ཤུགས་བསྐྱོན་རྒྱུ་ཡོད་པ་ང་ཚོའི་ངོས་ནས་དེ་ལྟར་རེ་བ་དང་ཡིད་ཆེས་བྱས་པའི་ཐོག་ནས་འགྲོ་བཞིན་ཡོད། ཅེས་ཞུ་འདོད་བྱུང་། དེ་རིང་སྨན་རྩིས་ཁང་དབུ་བརྙེས་པའི་ཉིན་མོའི་ངོ་བོར་སྲུང་བརྩི་ཞུ་བཞིན་ཡོད། གོང་དུ་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་གྱིས་གསུང་བཤད་གནང་བའི་ནང་། སྔ་ལོར་སྨན་རྩིས་ཁང་དབུ་བརྙེས་པའི་མཛད་སྒོར་ང་རང་ཚོའི་ཁོག་པའི་སྙིང་དང་ལྟ་བའི་མིག བླང་དོར་ལམ་སྟོན་པ་ཟེར་ན་རེད། ང་རང་ཚོའི་མགོན་སྐྱབས་ཀྱིས་སྐབས་དེ་དུས་བཀའ་ཕེབས་པ་དེ་ང་ཚོར་ལམ་སྟོན་རང་དང་། ང་ཚོས་མ་འོངས་པར་ཕྱག་ལས་གནང་ཕྱོགས་དང་འབད་བརྩོན་བྱེད་ཡུལ་གྱི་དམིགས་ས་གཟུང་ས་དེ་དེ་ག་རང་ཆགས་ཀྱི་ཡོད། ངས་དེ་རིང་གི་ཉིན་མོ་འདི་གོ་སྐབས་འཛིན་པའི་ཐོག་ནས་འདིའི་སྒང་བསྐྱར་དུ་ནན་པོ་བྱས་ནས་ཞུ་འདོད་བྱུང་།
དུས་ཡུན་ལོ་ ༥༦ ནང་སྨན་རྩིས་ཁང་གི་ངོས་ནས་བོད་མིའི་སྤྱི་ཚོགས་ནང་ནད་རིགས་བྲལ་ཐབས་སླད་འབད་བརྩོན་རབ་དང་རིམ་པ་གནང་ཡོད། སྨན་རྩིས་ཁང་དུ་ཞབས་ལོ་སུམ་ཅུ་དང་ཉི་ཤུ་ཧྲིལ་པོ་ཞབས་ཞུ་གནང་མཁན་དང་སྔ་རྗེས་རིམ་བྱོན་གྱི་འགན་འཁུར་མཁན་རྣམ་པ་ཚང་མས་ཐུགས་འཁུར་ཆེ་བཞེས་ཐོག་ནས་ཐོག་མ་སྨན་རྩིས་ཁང་དབུ་འཛུགས་པ་ནས་བཟུང་ད་བར་བོད་མིའི་ནད་རིགས་བཅོས་ཐབས་ཐོག་འབད་བརྩོན་ཞུས་ཡོད། བརྒྱུད་རིམ་དེའི་ནང་གནས་སྟངས་མང་པོ་ཞིག་འགྱུར་བ་འགྲོ་བ་རང་བཞིན་གྱི་ཆོས་ཉིད་ཆགས་ཡོད་སྟབས། དེ་དུས་སྨན་ཐོག་འབད་བརྩོན་གནང་རྒྱུ་དང་སྨན་གསར་བཟོ་གནང་རྒྱུ། དེ་བཞིན་སྨན་གྱི་བརྒྱུད་ནས་ནད་པ་ཚོ་དྲག་སྐྱེད་ཐུབ་པ་འདི་གསོ་རིག་གི་བརྒྱུད་ལམ་ཙམ་མ་རེད། ཕྱི་ལུགས་ཐོག་ནས་ཀྱང་དེ་ག་རང་འབད་བརྩོན་གནང་བཞིན་པ་ཞིག་ཆགས་ཡོད། ལྷག་པར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཆ་བཞག་པ་ཡིན་ན། ཕྱི་ལོ་ ༡༩༨༠ ཙམ་གྱི་ནང་ལས་ཁུངས་གསར་འཛུགས་གནང་བ་ཞིག་ཆགས་ཡོད། འོན་ཀྱང་ཚང་མ་ཟུང་འབྲེལ་ཐོག་བཅོས་ཐབས་རང་གི་ཐོག་འབད་བརྩོན་ཤུགས་ཆེན་པོ་འགྲོ་བཞིན་པ་རང་བཞིན་གྱི་མངོན་གྱི་ཡོད།
དེ་འདྲའི་རྒྱུ་མཚན་ལ་བརྟེན་ནས་བཅོས་ཐབས་རང་ལ་འབད་བརྩོན་བྱེད་ཡོང་དུས་སྔོན་འགོག་ཐོག་རྩ་བས་གནང་ཡོད་ནའང་དོ་སྣང་དང་ཤུགས་ཇི་ཙམ་བསྐྱོན་ཐུབ་མིན་དེ་དྲི་བ་ཆགས་པའི་རྐྱེན་གྱིས་ན་ནིང་ལོར་བཀའ་སློབ་ཕེབས་པ་རེད། དེར་བརྟེན་ང་ཚོས་བསམ་བློ་གཏང་རྒྱུ་དང་རིག་པ་འགྲིམ་རྒྱུ་རེད། སྒྲིག་འཛུགས་སྲ་བརྟན་དང་འཚོ་དགོས་ཀྱི་ཡོད། སྒྲིག་འཛུགས་འདིའི་བརྒྱུད་ནས་བོད་ཀྱི་ཐུན་མིན་རིག་གཞུང་ཁྱབ་སྤེལ་འགྲོ་དགོས་ཀྱི་ཡོད། དེ་བཞིན་བོད་རྩ་དོན་རྒྱལ་སྤྱིའི་ཐོག་འགྲོ་དགོས་ཀྱི་ཡོད་རེད་ལ་གནང་གི་ཡོད་པ་རེད། འོན་ཀྱང་ཕྱོགས་གཞན་ཞིག་ལ་བོད་པའི་སྤྱི་ཚོགས་དང་བོད་མི་རིགས་རང་ནད་གཞི་ཚབས་ཆེ་བ་མི་འདྲ་བ་དེ་འདྲ་ཁྱབ་གདལ་རྒྱ་ཆེན་པོ་འགྲོ་ཡོང་དུས་རྩ་ཐོར་དང་རྩ་བརླག་འགྲོ་རྒྱུ་ཉེན་ཁ་ཞིག་ཡོང་བཞིན་ཡོད། ཉེན་ཁ་དེ་ཟློག་ཐབས་དང་འགོག་ཐབས་གང་འདུག དེའི་ཐོག་འབད་བརྩོན་དང་ཤུགས་བརྒྱག་རྒྱུ་ནི་ངའི་མྱོང་ཚོར་ནང་ཚོར་བ་འདི་སླེབས་པ་རེད། ཚོར་བ་འདི་སླེབས་དགོས་པའི་གཞི་རྩ་ནི། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་ཕེབས་པ་དེ་རེད། དེར་བརྟེན་སྤྱི་ཡོངས་ནས་འདིའི་ཐོག་ཤུགས་བརྒྱག་དགོས་རྒྱུ་གནད་འགག་ཆེན་པོ་ཆགས་འདུག ཅེས་བསྐྱར་དུ་ནན་བརྗོད་ཞུ་གི་ཡོད།
དེའི་ཐོག་གོ་རྟོགས་ཤུགས་ཆེན་པོ་སྤེལ་རྒྱུ་དང་། རྩ་བའི་འགན་འཛིན་གྱིས་ལས་བསྡོམས་སྙན་སྒྲོན་ཞུ་སྐབས་ནད་རིགས་སྔོན་འགོག་ཐོག་གོ་རྟོགས་སླད་དེབ་ཆུང་རིགས་པར་སྐྲུན་ཞུས་པ་དང་། ད་ལྟ་ཡིན་ནའང་དཔེ་དེབ་ཞིག་གསར་དུ་པར་སྐྲུན་གནང་ཡོད། དེ་བཞིན་ལུས་སྦྱོང་ཐོག་དེབ་པར་སྐྲུན་ཞུ་རྒྱུ་དང་འོད་སྡེར་གྱི་བརྒྱུད་ལམ་ཐོག་ནས་ཁྱབ་བསྒྲགས་དང་གསལ་བསྒྲགས་གནང་རྒྱུ། དེ་བཞིན་ས་གནས་ས་ཐོག་ཏུ་སྨན་པ་སྐོར་སྐྱོད་ཐོག་ནས་མང་ཚོགས་ལ་ནད་རིགས་སྔོན་འགོག་ཐོག་གོ་རྟོགས་སྤེལ་བཞིན་ཡོད། ད་དུང་ཡིན་ནའང་ཤུགས་ཆེ་རུ་གནང་དགོས་རྒྱུ་དང་། ལྷག་པར་ཕྱི་ལུགས་དང་གསོ་རིག་གཉིས་ཟུང་འབྲེལ་ཐོག་གོ་རྟོགས་ཤུགས་ཆེ་རུ་ཇི་ལྟར་གནང་དགོས་འདུག དཔེར་ན་མཆིན་པ་དང་ཀྲི་སྦི་ནད་གཞིའི་རིགས་ནི། མང་ཚོགས་འདུ་འཛོམས་ཆེ་ས་སློབ་གྲྭ་དང་དགོན་སྡེ་ཁག་གི་ནང་ནད་གཞི་དེ་དག་ཐོན་ཡོང་དུས་དུ་དུང་ཡིན་ནའང་ཉེན་ཁ་ཤུགས་ཆེ་རུ་འགྲོ་གི་ཡོད་པ་དང་ང་ཚོ་འཇིགས་སྣང་སྐྱེ་དགོས་རྒྱུ་རང་བཞིན་གྱི་གནས་སྟངས་ཆགས་ཀྱི་འདུག དེར་བརྟེན་དེ་ཚོའི་ཐོག་ཟུར་དུ་དུས་ཚོད་བཏོན་ནས་ཕྱི་ལུགས་དང་གསོ་རིག་གཉིས་ཟུང་འབྲེལ་ཐོག་དགོན་སྡེ་ཁག་གི་ནང་སློབ་གསོ་གནང་རྒྱུ་དང་། དཔེར་ན། སྐུའི་བླ་སྨན་རྟ་མགྲིན་ལགས་ལྟ་བུ་ཡིན་ན་མཚན་སྙན་གྲགས་དང་མི་མང་ནས་ཡིད་ཆེས་ཡོད། སྨན་པ་བགྲེས་པ་རྣམས་ཀྱིས་མང་ཚོགས་ལ་གསུང་ཡོང་དུས་མང་ཚོགས་ནས་དེའི་ཐོག་རང་བཞིན་གྱི་སེམས་འགུལ་ཐེབས་སླ་བ་ཡོད་པ་ངས་དེ་ལྟར་མཐོང་གི་འདུག དེ་འདྲའི་ཐད་དགོངས་པ་བཞེས་དགོས་རྒྱུ་དང་། རྩ་བའི་དེ་ལྟར་གནང་བཞིན་ཡོད་ཀྱང་ད་དུང་གཞི་རྒྱ་ཆེ་རུ་ག་འདྲ་གནང་དགོས་ཀྱི་འདུག དེའི་ཐོག་དགོངས་པ་བཞེས་དགོས་ཀྱི་རེད། དེ་བཞིན་དམིགས་བསལ་ཚོགས་ཆེན་སྐབས་དེ་དང་དེ་ལྟ་བུའི་བཀའ་བསྡུར་བྱུང་འདུག གྲོས་ཆོད་ཡོད་པ་དེ་དག་དངོས་སུ་ལག་བསྟར་ག་འདྲ་བྱེད་དགོས་མིན། གནད་འགག་མཐོང་གི་འདུག
གཞན་ཡང་གསོ་རིག་གི་རིག་གཞུང་འདི་རྒྱུན་འཛིན་མཁན་ནི། སློབ་མ་རྣམ་པ་རེད། དེ་རིང་དམིགས་བསལ་ཚོར་བ་གང་བྱུང་ཞེ་ན། ལོ་འཁོར་ཡིག་རྒྱུགས་གྲུབ་འབྲས་རྩེ་སོན་ཁོངས་བུ་གཅིག་མ་གཏོགས་གཞན་ཚང་མ་བུ་མོ་རེད་འདུག ཁ་སྔོན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བུད་མེད་ནུས་སྟོབས་ཐོག་གསུངས་པ་དེ་དག་རྣམ་པ་ཚོའི་འདིར་དཔང་པོའི་ཚུལ་དུ་རྟགས་སྟོན་པ་རེད། དངོས་གནས་ཧ་ཅང་ཡག་པོ་རེད། ཚང་མར་འཚམས་འདྲི་ཡོད། བསྐྱར་དུ་རྣམ་པ་ཚོར་དགའ་བསུའི་འཚམས་འདྲི་ཞུ་འདོད་བྱུང་། རྣམ་པ་ཚོས་སྐུ་ལས་དང་འབད་བརྩོན་སྐྱོན་གྱི་ཡོད་པ་མ་ཟད། མཐར་རྒྱུན་འཛིན་མཁན་རྣམ་པ་ཚོ་ཆགས་ཀྱི་ཡོད། འདི་རྒྱུན་འཛིན་པ་དང་རྒྱུན་འཛིན་རྒྱུའི་གནས་བབ་ལ་ཕེབས་ཡོང་དུས་སོ་སོ་ཐོག་མར་ག་བ་ནས་སྐུ་ལས་བསྐྱོན་ཡིན། རྣམ་པ་ཚོར་གོ་སྐབས་སུའི་བཟོས་པ་རེད། དེ་དག་ཚང་མ་ཐུགས་ལ་བཅང་པའི་ཐོག་ནས་ཚུར་སྤྱི་ཚོགས་ལ་སྤྲད་རྒྱུ་ངེས་པར་ཐུགས་ལ་བཅང་དགོས། ཞེས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་།
མཐར་དབུས་བོད་ཀྱི་སྨན་རྩིས་ཁང་གི་དྲུང་ཆེ་ཚེ་རིང་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་སྨན་རྩིས་བསྟན་རྒྱས་སྨོན་ལམ་གསུང་འདོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།