མདུན་ཤོག » གསར་གནས། »

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཐོག་རྒྱ་གར་རིག་གཞུང་བློན་ཆེན་མཆོག་གིས་གསུང་བཤད་གནང་བ།

༢༠༡༧ ཟླ་ ༣ ཚེས་ ༡༨ རེས་གཟའ་སྤེན་པ།

KAL6698༄༅། །བྷི་ཧཱར་མངའ་སྡེའི་ན་ལེནྡྲ་རྫོང་ཁོངས་ཀྱི་གྲོང་ཁྱེར་རྒྱལ་པོའི་ཁབ་བམ་རཱཇ་གིར་ Rajgir ཞེས་པ་དེར་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༧ ནས་ ༡༩ བར་ཉིན་གྲངས་གསུམ་རིང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་དབུ་འབྱེད་མཛད་སྒོའི་ཐོག་རྒྱ་གར་རིག་གཞུང་དང་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་སྐུ་ཞབས་མཧེ་ཤི་ཤརྨ་ Dr Mahesh Sharma མཆོག་གིས་གསུང་བཤད་གནང་དོན།  ཐོག་མར་ངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ལྷན་ཚོགས་དབུ་འབྱེད་མཛད་རྒྱུའི་ཞལ་བཞེས་མཛད་པར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། རྒྱ་གར་ནི་འཛམ་གླིང་ནང་དུ་ནང་ཆོས་སློབ་གཉེར་གྱི་འབྱུང་ཁུངས་ཆགས་ཡོད་པ་མ་ཟད།  འཛམ་གླིང་གི་ནང་པའི་གནས་རྩ་ཆེ་ཁག་ཚང་མ་ཡུལ་འདིར་ཡོད་པར་བརྟེན། ནང་ཆོས་སློབ་གཉེར་བྱེད་ཡུལ་གྱི་བསྟི་གནས་ཁང་གཙོ་བོ་ཞིག་ཀྱང་ཆགས་ཡོད། ཅེས་ཞུ་རྒྱུ་དང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་༸སྐུ་ཚེ་ཧྲིལ་པོའི་རིང་ནང་ཆོས་སློབ་གཉེར་མཛད་ནས་འགྲོ་བ་མི་སྤྱིའི་བདེ་ཐབས་སླད་ཐུགས་བརྩོན་མཛད་ཡོད།   གང་ཉིད་མཆོག་གི་ལམ་སྟོན་ལྟར་ང་ཚོས་ནང་ཆོས་བརྒྱུད་ནས་འགྲོ་བ་མི་རིགས་སྤྱི་ལ་དོན་སྙིང་ལྡན་པའི་ཞབས་འདེགས་བསྒྲུབ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ང་ཆོས་པ་ཡིན། ཞེས་སྤྱི་ཚོགས་ཀྱི་བདེ་དོན་དང་འགྲོ་བ་མི་རིགས་གཞན་ལ་ཕན་ཐོགས་བྱེད་མ་ཐུབ་པ་ཡིན་ན་ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས་འགྲོ་མ་ཐུབ་པ་ལྟ་བུ་ཞིག་ཆགས་རྒྱུ་རེད། དེར་བརྟེན་གང་ཐུབ་ནང་ཆོས་ཉམས་ལེན་གཞི་རྩར་བཟུང་བའི་སྤྱི་ཚོགས་ཁྲོད་ཡར་རྒྱས་ཀྱི་ལས་གཞིའི་ཐོག་ནང་ཆོས་ནས་ཞབས་འདེགས་ཇི་འདྲ་ཞུ་ཐུབ་མིན་དང་དགོས་མིན་ཐད་ང་ཚོས་བསམ་བློ་གཏོང་དགོས་པ་དུས་ཀྱི་དགོས་མཁོ་ཆགས་ཡོད།ཅེས་སོགས་ཀྱི་གསུང་བཤད་གནང་།

དབུ་འབྱེད་མཛད་སྒོའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་ནཱ་ལེནྡྲ་གཙུག་ལག་ཁང་ཆེན་གསར་པས་ Nav Nalanda Mahavira University བསྐྱར་སྐྲུན་ཞུས་པའི་པཱ་ལིའི་སྐད་ཡིག་ཐོག་སྡེ་སྣོད་གསུམ་གྱི་གཞུང་ཚན་པོད་ ༡༤ ཅན་ཞིག་དབུ་འབྱེད་མཛད་འདུག་པ་མ་ཟད། གཙུག་ལག་ཁང་ཆེན་གསར་པ་དེའི་ནང་དུ་ནང་པའི་ཚན་རིག་གི་སྡེ་ཚན་ཞིག་གསར་དུ་དབུ་འབྱེད་མཛད་འདུག

ཕྱེད་ཡོལ་༸གོང་ས་མཆོག་དབུ་བཞུགས་ཐོག་ཐེ་ལེན་ཌི་དང་འབར་མ། ཤྲི་ལངྐ། བོད་བརྒྱུད་ནང་བསྟན་སོགས་ཐེག་པ་ཆེ་ཆུང་གི་བླ་ཆེན་དང་མཁན་སློབ་སོགས་འདུས་པའི་ལྷན་ཚོགས་ཐོག་བགྲོ་གླེང་མཛད་འདུག ཕྱི་ཚེས་ ༡༩ ཉིན་ལྷན་ཚོགས་ཉིན་མཐའ་མའི་སྐབས་རྒྱ་གར་གྱི་སྲིད་འཛིན་སྐུ་ཞབས་པྲ་ནབ་མུ་ཁར་ཇི་ Pranab Mukherji མཆོག་མཛད་སྒོའི་ཚོགས་མགོན་དུ་ཕེབས་འཆར་ཡོད་འདུག་པ་བཅས།།

 

Share with your friends










Submit