མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱལ་སྤྱིའི་གནས་བབ་ཐོག་སླེབ་མ་ཐུབ་པར་བརྟེན་སླར་ཡང་སྐྱོན་བརྗོད་ཤུགས་ཆེ་ཕོག་པ།

༢༠༡༧ ཟླ་ ༣ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༦ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤  (34th session of the UN Human Rights Council)  འཚོགས་བཞིན་པའི་ཐོག   ཨ་རི་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ།  ཁེ་ན་ཌ། ཕ་རན་སི། འཇར་མ་ནི་བཅས་ཀྱིས།  བོད་དང་ཡུ་གུར་གྱིས་གཙོས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དེ་རྒྱལ་སྤྱིའི་གནས་བབ་ཐོག་སླེབ་ཐུབ་ཀྱི་མེད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་འདུག

སྐབས་དེར་ཡུ་རོབ་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ཀྱིས་གསུང་དོན།  རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་དང་། ཁྲིམས་རྩོད་པ་བཅས་འཛིན་བཟུང་བཀག་ཉར་བྱས་པ་དང་། ཁོང་ཚོའི་ནང་མིར་བསུན་གཙེར་བཟོ་བཞིན་པ་བཅས་ལ་སེམས་འཚབ་ཧ་ཅང་ཡོད་ཞུ་རྒྱུ་དང་སྦྲགས།  ཁོང་རྣམས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།  རྒྱ་ནག་གཞུང་གིས་བཀྲ་ཤིས་དབང་ཕྱུག་ལགས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་བའི་སྐོར་ཨ་རིའི་ནིའུ་ཡོག་དུས་བབ་གསར་ཁང་ནས་དངོས་བྱུང་གློག་བརྙན་ཞིག་བཟོས་པ་དང་།  ཁོང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་འཐབ་རྩོད་ཇི་ལྟར་གནང་བའི་བརྒྱུད་རིམ་དང་འབྲེལ་བའི་རྩོམ་ཡིག་ཞིག་ཐོན་པ་བཅས་ལ་བརྟེན་ཡིན། ཞེས་གསུངས།

ཕྱོགས་མཚུངས་ཡུ་རོབ་སྤྱི་མཐུན་ཚོགས་པས་རྒྱ་ནག་གཞུང་ལ། ཕྱི་རྒྱལ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་ཡུལ་ཁྲིམས་དང་མཐུན་པའི་སྲིད་བྱུས་ལག་བསྟར་གནང་དགོས་པ་ལས།  ཚོགས་པ་དེ་དག་ལ་དམ་བསྒྲགས་བྱེད་པ་བརྒྱུད་སྤྱི་ཚོགས་ནང་གི་རང་དབང་ལ་འགོག་རྐྱེན་བཟོ་མི་རུང་བའི་འབོད་སྐུལ་གནང་བ་དང་ལྷན།  བོད་དང་ཡུ་གུར་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་ཐུན་མིན་རིག་གཞུང་དེ་དག་ལ་བརྩི་བཀུར་ཞུ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་འདུག

སྐབས་དེར་འཇར་མན་སྐུ་ཚབ་མཆོག་གིས་གསུང་དོན།  རྒྱ་ནག་སྤྱི་དང་ལྷག་པར་བོད་དང་ཡུ་གུར་གྱི་ནུབ་ཕྱོགས་ས་ཁུལ་ཁག་གི་ནང་དུ། རྒྱ་ནག་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་ཐད་ང་ཚོར་སེམས་འཚབ་ཧ་ཅང་ཡོང་བཞིན་འདུག ཅེས་གསུངས་པ་དང་སྦྲགས་བོད་མི་བཀྲ་ཤིས་དབང་ཕྱུག་གིས་གཙོས་དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་དཀའ་སྡུག་མྱོང་བཞིན་པའི་གནས་སྟངས་ཁག་གཅིག་གསལ་འདོན་གནང་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རྒྱལ་སྤྱིའི་ཁྲིམས་སོགས་ལ་བརྩི་བཀུར་ཞུས་ནས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་དང་། ལྷག་པར་ཁྲིམས་རྩོད་པ་དོ་དམ་འོག་ཡོད་པ་སོགས་འཕྲལ་མར་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ཡང་ཤུགས་ཆེ་གནང་འདུག

དེ་བཞིན་ཨ་རིའི་སྐུ་ཚབ་མཆོག་གིས་གསུང་དོན།   རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་ལས་འགུལ་བ་ཚོར་བཙན་དབང་འོག་དོ་དམ་བཀའ་ཉར་དང་འཛིན་བཟུང་བྱས་ནས་ཁོང་ཚོར་སྡུག་སྦྱོང་མནར་གཅོད་བཏང་སྟེ།  གཞུང་ལ་སྐྱོན་བརྗོད་བྱེད་མཁན་རྣམས་རྩ་མེད་དུ་གཏོང་རྒྱུའི་ལས་གཞིའི་ཐོག་འབད་བརྩོན་བྱེད་བཞིན་ཡོད་པ་དང་།  ལྷག་པར་བོད་མི་དང་ཡུ་གུར་མི་རིགས་རྣམས་ལ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མ་སྤྲད་པ་དེར་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན།   ཞེས་གསུངས།

ཕྱོགས་མཚུངས་ཁེ་ན་ཌའི་སྐུ་ཚབ་མཆོག་གིས་གསུང་དོན།  རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་ཚོར་དོ་དམ་བཀག་ཉར་དང་འཛིན་བཟུང་བཙན་ཁྲིད་བྱས་ནས་ཁོང་རྣམས་ལ་ཁྲིམས་ཆད་བཏང་བ་བཅས་ལ་ང་ཚོར་སེམས་འཚབ་ཧ་ཅང་འདུག ཅེས་གསུངས།

ལྷག་པར་སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ཀྱི་ལས་བྱེད་ཟུང་དྲུང་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས།  རྒྱ་ནག་གཞུང་གིས་བོད་ནང་དུ་བོད་མིའི་ཆོས་དད་རང་དབང་ཐོག་དམ་བསྒྲགས་བྱེད་བཞིན་ཡོད་སྐོར་སྤྱི་དང་།  ལྷག་པར་བོད་བརྒྱུད་ནང་བསྟན་གྲགས་ཆེ་ཤོས་ཡིན་པ་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་ནང་རྒྱ་ནག་གཞུང་གིས་དགེ་བཙུན་རྣམས་ཀྱི་གྲྭ་ཤག་སོགས་གང་བྱུང་གཏོར་བཤིག་དང་།  དགོན་པ་ནས་བཙན་དབང་འོག་ཕྱིར་འབུད་བཏང་དང་གཏོང་བཞིན་པ་བཅས་ལ་ལྷན་ཚོགས་ནས་ཛ་དྲག་པོ་ཞིག་ལ་བརྩི་ནས་ཐུགས་སྣང་གནང་དགོས་པའི་འབོད་སྐུལ་ཡང་ཞུས་འདུག

སྤྱིར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཆེ་མཐོའི་སྐུ་ཚབ་སྐུ་ཞབས་པི་རིན་སི་ཛ་ཡི་དི་ Prince Zeid Ra’ad Zeid Al-Hussein མཆོག་གིས་ཕྱི་ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོ་སྒྲོགས་སྦྱང་གནང་སྐབས།  བོད་ནང་དུ་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་དང་ཐུན་མིན་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དེར་སེམས་འཚབ་ཡོད་སྐོར་གསུངས་པ་དང་སྦྲགས།  རྒྱ་ནག་དང་ལྷན་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་གལ་ཆེའི་གནད་དོན་སྐོར་བགྲོ་གླེང་བྱ་རྒྱུ་གྲ་སྒྲིག་ཨང་སར་ཡིན་སྐོར་གསུངས།།

Share with your friends










Submit