མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

གསར་འགོད་གསལ་བསྒྲགས།

Share with your friends










Submit

༢༠༡༧ ཟླ་ ༣ ཚེས་ ༤ རེས་གཟའ་སྤེན་པ།

༄༅། །བོད་ཀྱི་ཟློས་གར་ཚོགས་པ་ནས་གཞིས་བྱེས་བོད་མི་དང། བོད་དོན་རྒྱབ་སྐྱོར་གནང་མཁན་ཡོངས་ལ་མེ་བྱའི་གནམ་ལོ་གསར་བཞད་རྟེན་འབྱུང་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཀྱི་སྔོན་བསུས་ཏེ། བོད་རྒྱལ་ལོ་ ༢༡༤༤ ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༩  ནས་ཚེས་ ༢༣ བར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༢ ལྡེ་ར་ལྡུན་ས་ཁུལ་ཁག་ཏུ་སྲུང་བརྩི་ཞུ་གཏན་འཁེལ་བའི་གསར་འགོད་གསལ་བསྒྲགས་ཞུ་རྒྱུ།

ཞོ་སྟོན་བྱུང་རབས།
བོད་དུ་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་ཁོངས་ལྷ་མོའི་སྒྱུ་རྩལ་ཐོག་མར་དུས་རབས་བཅུ་བཞི་པའི་ནང་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོས་གསར་གཏོད་མཛད་པའི་ཐུན་མོང་མ་ཡིན་པའི་ཕུལ་བྱུང་གི་སྒྱུ་རྩལ་ཞིག་ཡིན། དུས་རབས་ ༡༥ ནང་༸རྒྱལ་མཆོག་སྐུ་ཕྲེང་ལྔ་པ་ཆེན་པོ་མཆོག་གསེར་ཁྲི་མངའ་གསོལ་གྱི་མཛད་སྒོ་འབྲས་སྤུངས་ཞོ་སྟོན་དང་བསྟུན་གཞུང་འབྲེལ་འཁྲབ་སྟོན་ཐོག་མ་ཞུས་པ་ནས་བོད་ཀྱི་ཞོ་སྟོན་དུས་ཆེན་ཞེས་བོད་ས་མ་ཤོར་བར་ནོར་གླིང་སྡིངས་ཆའི་སྟེང་རྒྱལ་མཁར་བ། སྐྱོར་མོ་ལུང་པ། གཅུང་པ། ཤངས་པ་སོགས་ནས་སྒྱུ་རྩལ་འཁྲབ་སྟོན་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གི་དུས་ཆེན་གལ་ཆེ་ཞིག་ཡིན།

བྱེས་སུ་ཞོ་སྟོན་དར་ཚུལ།
ཕྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་རྒྱ་ནག་དམར་པོའི་གཞུང་ནས་བཙན་བཟུང་བྱས་རྗེས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་མི་འབུམ་ལ་ཉེ་བ་བཙན་བྱོལ་དུ་ཕེབས་དགོས་གྱུར། བྱེས་སུ་འཁོད་མ་ཐག་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཕྱི་ལོ་ ༡༩༥༩ ཟླ་ ༨ ཚེས་ ༡༡ ཉིན་བོད་ཀྱི་རིག་གཞུང་གི་བསྟི་གནས་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་བཀའ་དྲིན་ཆེ་བསྟུན་བོད་ཀྱི་ཞོ་སྟོན་དུས་ཆེན་སླར་གསོ་ཞུ་ཐུབ་པ་བྱུང་། ཕྱི་ལོ་ ༡༩༩༣ ལོར་མགོན་པོ་གང་ཉིད་མཆོག་གི་བཀའ་འབྲེལ་བྱེས་སུ་དབུས་དང། ས་གནས་ལྷ་མོའི་ཚོགས་པ་མཉམ་འདུས་བོད་ཀྱི་ཞོ་སྟོན་རྒྱས་པ་སླར་གསོ་ཐོག་མ་ཞུས།

བོད་ཀྱི་ཞོ་སྟོན་ཐེངས་ ༢༢ པ།
འདི་ལོ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༢ རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བདེ་སྐྱིད་གླིང་དང། མ་སུ་རི། རཇ་པུར། ཀ་ལ་མན་ཌོན། སྤོན་ཌ་བཅས་སུ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༩ ནས་དབུ་འཛུགས་གནང་གཏན་འཁེལ་བ་དང། སྐབས་དེར་བོད་ཀྱི་ཟློས་གར་ཚོགས་པ་གཙོས་པས་ས་གནས་ལྷ་མོ་ཚོགས་པ་ཁག་བཅུ་ལྷན་འཛོམས་ཀྱིས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་འཁྲབ་སྟོན་ཞུ་རྒྱུའི་དུས་ཚེས། ས་གནས། ལྷ་གཞུང་བཅས་གཤམ་གསལ།

 

ཕྱི་ཚེས། ས་གནས། ལྷ་མོ་ཚོགས་པ། འཁྲབ་གཞུང།
༢༠༡༧།༠༤།༡༩ བདེ་སྐྱིད་གླིང། བོད་ཀྱི་ཞོ་སྟོན་དབུ་འབྱེད་མཛད་སྒོར་ལྷ་མོ་ཚོགས་པ་ཁག་ ༡༠ ནས་ལྷ་གཞུང་གཟིགས་ཕུད།
༢༠༡༧།༠༤།༢༡ བདེ་སྐྱིད་གླིང། སྦེལ་ཀོབ། ཆོས་རྒྱལ་ནོར་བཟང།
མ་སུ་རི། ཀ་སྦུག འགྲོ་བ་བཟང་མོ།
ཀལ་མན་ཌོན། ཨོ་རི་ས། པདྨ་འོད་འབར།
སྤོན་ཌ། མན་སྤར། རྒྱལ་པོ་འཇིག་རྟེན་དབང་ཕྱུག
ར་ཇ་པུར། མོན་གྷོ། སྣང་ས་འོད་འབུམ།
༢༠༡༧།༠༤།༢༢ བདེ་སྐྱིད་གླིང་། བོད་ཀྱི་ཟློས་གར། སྣང་ས་འོད་འབུམ།
མ་སུ་རི། བལ་ཡུལ། ཆོས་རྒྱལ་ནོར་བཟང།
ཀལ་མན་ཌོན། ཀོ་ལེ་གྷལ། གཟུགས་ཀྱི་ཉི་མ།
སྤོན་ཌ། མ་སུ་རི། མཁན་སློབ་ཆོས་གསུམ།
ར་ཇ་པུར། བྷན་དྷ་ར། དྲི་མེད་ཀུན་ལྡན།
༢༠༡༧།༠༤།༢༤ བདེ་སྐྱིད་གླིང་། བོད་ཀྱི་ཟློས་གར། ཡུལ་གྲུ་ཁག་གི་གཞས་སྣ།
༢༠༡༧།༠༤།༢༥ བདེ་སྐྱིད་གླིང་། བོད་ཀྱི་ཟློས་གར། ཨ་ཀ་མ་རོལ་ཚོགས་ནས་དེང་དུས་གཞས་སྣ།

བཅས་ནས་བོད་ཀྱི་ལྷ་མོའི་སྒྱུ་རྩལ་གཟིགས་འབུལ་ཞུ་རྒྱུ་ལགས་ན། གནའ་བོའི་བོད་ཀྱི་རིག་གཞུང་གི་ཁྱད་ནོར་བཟང་པོའི་ཡོན་ཏན་རྣམས་འགྲོ་བ་ཀུན་ལ་རྒྱུན་འཇགས་བྱུང་སྟེ། འཛམ་གླིང་ཀུན་དུ་ཞི་བདེ་འཕེལ་བའི་རེ་སྨོན་དང་བཅས་བོད་ཀྱི་རིག་གཞུང་ལ་བརྩེ་ཞེན་ལྡན་པས་གཟིགས་མོ་བ་རྒྱ་ཆེའི་མང་ཚོགས་གང་མང་མཉམ་ཞུགས་ངེས་གནང་ཡོང་བའི་གསར་འགོད་གསལ་བསྒྲགས་སུ། བོད་ཀྱི་ཟློས་གར་ཚོགས་པ་ནས་ཕྱི་ལོ་ ༢༠༡༧ ཟླ་  ༣ ཚེས་ ༤ ལ།། །།

Share with your friends










Submit