མདུན་ཤོག » གསར་གནས། » གསུང་འཕྲིན་ཁག » གསུམ་བཅུའི་དུས་དྲན། » པར་རིས་གནས་ཚུལ། » བཀའ་ཤག »

༈ བོད་རང་དབང་སྒེར་ལངས་བྱས་ནས་ལོ་ངོ་ ༥༨ འཁོར་བའི་གསུམ་བཅུའི་དུས་དྲན་ཐོག་སྲིད་སྐྱོང་གིས་ཡོངས་ཁྱབ་ཏུ་སྤེལ་བའི་གསུང་འཕྲིན།

༢༠༡༧ ཟླ་ ༣ ཚེས་ ༨ རེས་གཟའ་ལྷག་པ།

103༄༅། །དེ་རིང་ནི་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་ལོ་ ༡༩༥༩ ལོར་བོད་ཆོལ་ཁ་གསུམ་གྱི་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་དམར་གཞུང་གི་བཙན་བཟུང་ལ་ཞི་བའི་སྒེར་ལངས་བྱས་ནས་ལོ་ ༥༨ འཁོར་བའི་དུས་དྲན་གྱི་ཉིན་མོ་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་འདས་གསོན་ཡོངས་ལ་རྗེས་དྲན་དང་། རྒྱ་དམར་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་འོག་བོད་མི་ས་ཡ་གཅིག་ལྷག་འདས་གྲོངས་སོང་བ་དང་བོད་ཀྱི་དགོན་སྡེ་བརྒྱ་ཆ་ ༩༨ ལྷག་ལ་གཏོར་བཤིག་སོགས་བཏང་བ་བཅས་ལ་དྲན་གསོ་ཞུ་རྒྱུའི་དུས་ཚིགས་ཤིག་ཡིན།

དེ་རིང་ནི་ཕྱོགས་གཅིག་ནས་མྱ་ངན་བྱེད་དགོས་པ་ཞིག་ཡིན་ནའང་ཕྱོགས་གཞན་ནས་སྤོབས་པ་བྱེད་དགོས་པའི་དུས་ཚིགས་ཤིག་ཀྱང་ཡིན། དེ་ནི་ཕྱི་ལོ་ ༡༩༥༩ ལོར་དེ་རིང་གི་ཉིན་མོ་འདིར་བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་རྒྱ་དམར་གཞུང་གིས་བོད་ས་ཡོངས་ལ་བཙན་དབང་གདུག་རྩུབ་བྱས་པ་ལ། “བོད་ནི་བོད་མིའི་ཡིན། ཏཱ་ལའི་བླ་མའི་དབང་ཆར་ཐེ་བྱུས་བྱེད་པ་མཚམས་འཇོག་དགོས།” ཞེས་སོགས་ཞི་བའི་སྒོ་ནས་བོད་མི་མང་གི་མངོན་འདོད་གསལ་འདོན་བྱས་ཡོད།

བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་སླེབས་ཉེའི་སྐབས་ལྷ་ས་ནི་ཧ་ཅང་དམ་བསྒྲགས་ཀྱི་གནས་སྟངས་འོག་ཡོད། དེ་ཡང་འདི་ཟླའི་ཚེས་ ༣ ཉིན་དྲག་ཆས་སྤྲས་པའི་དཔོན་དམག་ ༥༠༠༠ ཙམ་དང་། དམག་མིའི་རླངས་འཁོར་སྟོང་ཕྲག་ཉེ་བ་རུ་སྒྲིག་བཏང་ནས་ལྷ་སའི་གྲོང་ཁྱེར་གཡུལ་ས་ལྟ་བུར་བསྒྱུར་ཏེ་བོད་མི་རྣམས་འཇིགས་དངངས་ཆེན་པོའི་ངང་གནས་བཞིན་ཡོད།

འདས་པའི་དུས་རབས་ཕྱེད་ལྷག་ནང་བོད་མི་རྣམས་ནས་རྒྱ་གཞུང་གི་གདུག་རྩུབ་དང་དྲག་གནོན་གྱི་སྲིད་བྱུས་འོག་དཀའ་སྡུག་ཇི་ཙམ་མྱོང་དགོས་བྱུང་མིན་ལ་མ་ལྟོས་པར། བོད་རང་དབང་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་རང་གི་ལུས་སྲོག་ལོངས་སྤྱོད་སོགས་བློས་བཏང་དང་། ལྷག་པར་ཕྱི་ལོ་ ༢༠༠༩ ནས་ད་བར་བོད་ནང་བོད་མི་ ༡༤༥ ཡིས་གཞན་ལ་འཚེ་བ་མ་བྱས་པར་རང་ལུས་མེར་བསྲེགས་བཏང་སྟེ་ “བོད་ལ་རང་དབང་དགོས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས།” ཞེས་བོད་མིའི་མངོན་འདོད་གསལ་འདོན་བྱས་ཡོད། མདོ་དོན་གཞིས་བཞུགས་བོད་མི་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་འགྱུར་བ་མེད་པའི་ལྷག་བསམ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། བོད་མིའི་རང་དབང་འཐབ་རྩོད་འདི་བཞིན་འཚེ་མེད་ཞི་བའི་ཐོག་ནས་རྒྱུན་སྐྱོང་ཐུབ་པ་མ་ཟད་གནས་ཚད་ཀྱང་གོང་མཐོར་གཏོང་ཐུབ་པ་བྱུང་ཡོད། དེར་བརྟེན་འཛམ་གླིང་གི་རྒྱལ་ཁབ་མང་པོའི་དབུ་འཁྲིད་དང་གཞུང་མང་བཅས་ནས་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཇེ་མཐོར་འགྲོ་བཞིན་ཡོད།

དེ་ཡང་སྔ་ལོ་ཨ་རིའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མ་མཆོག་དང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྣམ་གཉིས་མཇལ་འཕྲད་གནང་སྐབས། ཨ་རིའི་སྲིད་འཛིན་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཡོད་པ་མ་ཟད་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་སྐུ་ཚབ་དབར་དོན་ཕན་ལྡན་པའི་གྲོས་མོལ་བྱེད་དགོས་པ་སླར་ཡང་སྐུལ་མ་གནང་ཡོད། དེ་བཞིན་ཉེ་སྔོན་སྐུ་ཞབས་རེག་སེ་ཊི་ལར་སན་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་གཞག་གཏན་འཁེལ་གནང་སྐབས་ཁོང་གིས། “པེ་ཅིང་སྲིད་གཞུང་ནས་བཙན་བྱོལ་བོད་གཞུང་ངམ། ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་ཡོང་ཐབས་སླད་མུ་མཐུད་སྐུལ་མ་བྱེད་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་མཇལ་འཕྲད་ཀྱང་ཞུ་རྒྱུ་ཡིན།” ཞེས་སོགས་ལན་འདེབས་གནང་བར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག གོ་སྐབས་འདི་དང་བསྟུན་ནས་སྲིད་འཛིན་གསར་པ་སྐུ་ཞབས་ཌོ་ནལཌ་ཊམ་མཆོག་ལ་འཚམས་འདྲི་དང་། ཨ་རིའི་གཞུང་གིས་བོད་ཐོག་རྒྱབ་སྐྱོར་སྔར་ལྷག་གནང་བའི་རེ་བ་ཞུ་རྒྱུ་ཡིན།

སྔ་ལོ་ཡོ་རོབ་གྲོས་ཚོགས་ཀྱིས་ཀྱང་རྒྱ་ནག་གཞུང་ལ་བོད་རྒྱ་ཞི་མོལ་བསྐྱར་གསོ་དགོས་པའི་རེ་འདུན་བཏོན་ཡོད་པ་དང་། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་བླ་རུང་སྒར་གཏོར་བཤིག་དང་གྲྭ་བཙུན་བཙན་དབང་གིས་ཕྱིར་འབུད་གཏོང་བཞིན་པར་སྐྱོན་བརྗོད་ཤུགས་ཆེ་གནང་བའི་ཐོག་ནས་ཛ་དྲག་གི་གྲོས་ཆོད་ཅིག་བཞག་ཡོད། དེ་བཞིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༤ པའི་སྔ་ནུབ་ཏུ། རྒྱལ་ཚོགས་ཀྱི་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཐོག་ཁྱད་མཁས་མི་སྣ་དྲུག་གིས། བླ་རུང་སྒར་དང་ཡ་ཆེན་སྒར་གཉིས་ཀྱི་ཡ་ང་བའི་གནས་སྟངས་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་བརྩི་མེད་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བརྡལ་བཤིག་དང་ཆོས་ལུགས་ཐོག་དམ་བསྒྲགས་ཆེན་པོ་བྱེད་ཀྱི་ཡོད་པའི་ཐུན་མོང་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་ཡོད།

སྲིད་འཛིན་ཞི་ཅིན་ཕིང་གིས་གཙོས་རྒྱ་ནག་གི་དབུས་སའི་འགོ་འཁྲིད་ཚོས་རྒྱ་ནག་བརྟན་ལྷིང་ཡོང་བར་མཐའ་མཚམས་སྲུང་སྐྱོབ་དགོས་པ་དང་། མཐའ་མཚམས་སྲུང་སྐྱོབ་ཡོང་བར་བོད་ལ་བརྟན་ལྷིང་དགོས་སྐོར་དང་། ཡང་། “བདེ་སྤྲོད་བདེ་ལེན་”ཞེས་བདེ་སྐྱིད་དགོས་ན་བདེ་འཇགས་འགན་སྲུང་བྱེད་དགོས་ཟེར་བའི་སྲིད་བྱུས་བཟུང་སྟེ་བོད་ས་ཡོངས་ལ་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཟེར་བའི་ལས་དོན་སྙན་ཐོའི་ནང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ཏེ་ཉེས་དོན་ཉེས་གསོག་ལ་ཁྲིམས་ལུགས་ལྟར་རྡུང་རྡེག་བཏང་ཡོད་སྐོར་དང་། དེ་ཡང་བོད་རང་སྐྱོང་ལྗོངས་གཅིག་པུའི་ནང་འདས་ལོར་མི་གྲངས་ ༡༤༤༦ འཛིན་བཟུང་དང་། མི་གྲངས་ ༡༧༩༣ ལ་ཁྲིམས་གཏུགས་བྱས་ཡོད་པ་ཡོངས་གྲགས་བྱས་ཡོད།

ཆོས་དད་རང་དབང་ཡོད་སྐོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་སོ་དྲུག་པའི་ནང་གསལ་བཀོད་ཡོད་ནའང་བོད་མི་ཚོའི་ཐོག་ཁྲིམས་སྒྲིག་གང་དང་མི་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། དེ་ནི་སྔ་ལོ་ནས་འགོ་བཙུགས་ཏེ་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་ཐོག་ནས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་གི་ཆོས་བྱེད་གྲྭ་བཙུན་སྟོང་ཁྲག་བརྒལ་བའི་སྡོད་ཁང་གཏོར་བཤིག་དང་བཙན་དབང་གིས་གྲྭ་བཙུན་ཕྱིར་འབུད། དེ་མཚུངས་ཡ་ཆེན་སྒར་ནས་ཀྱང་བཙུན་མ་ཆིག་སྟོང་ཙམ་ཕྱིར་འབུད་བཏང་ཡོད། ཕྱིར་འབུད་བཏང་བའི་གྲྭ་བཙུན་རྣམས་དགོན་སྡེ་གཞན་ནང་འཛུལ་ཞུགས་མི་ཆོག་པ་དང་། ཆོས་ཕྱོགས་ཀྱི་བྱེད་སྒོ་གང་ཡང་སྤེལ་མི་ཆོག་པ་སོགས་ཀྱི་གནས་སྟངས་ཇི་ཆགས་འཛམ་གླིང་ཡོངས་ཁྱབ་ཡིན་པས་ཞིབ་རྒྱས་ཞུ་གལ་མ་མཐོང་། དེ་བཞིན་རྒྱ་གཞུང་གི་“ཆོས་ལུགས་ལས་དོན་གྱི་སྲོལ་ཡིག་”ཟེར་བར་བསྐྱར་བཅོས་ཀྱིས་ཕྱོགས་ཡོངས་ནས་དོ་དམ་དང་སྟངས་འཛིན་བྱེད་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད།

རྒྱ་ནག་གཞུང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ལོ་གནང་བའི་དུས་འཁོར་དབང་ཆེན་ནི་ཁྲིམས་འགལ་དང་ཆབ་སྲིད་ཀྱི་ལག་ཆ་ཡིན་སྐོར་བསྙོན་འཛུགས་བྱས་པ་མ་ཟད། བོད་ནས་དུས་འཁོར་དབང་ཆེན་ཞུ་བར་འགྲོ་མཁན་རྣམས་བཀག་འགོག་དང་། ཕྱི་བསྐྱོད་ལག་འཁྱེར་ཕྱིར་བསྡུ་དང་བེད་མེད་བཟོས་པ། ཕྱིར་ཐོན་ཟིན་པ་ཚོ་དུས་བཀག་ནང་ཚུད་ཕྱིར་ལོག་དགོས་པའི་བཙན་བཀའ་བཏང་བ་སོགས་དངོས་ཤུགས་བརྒྱུད་གསུམ་ནས་དམ་བསྒྲགས་བྱས་ཡོད།

ཀུན་གྱིས་མཁྱེན་གསལ་ལྟར་འཛམ་གླིང་ནང་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་གྲས་རྒྱ་རིགས་ཡིན། འོན་ཀྱང་བོད་མི་དཀྱུས་མ་ལྟ་ཞོག་གཞུང་གི་ལས་བྱེད་ཡིན་པ་ཚོར་ཡང་ཕྱི་རྒྱལ་ཡུལ་ཁག་ཏུ་ཡུལ་སྐོར་འགྲོ་རྒྱུ་དང་། དེ་བཞིན་གཉེན་འཕྲད། ཐ་ན་ནང་པའི་གནས་ཆེན་ཁག་ཏུ་གནས་མཇལ་འགྲོ་རྒྱུར་ཡང་རྒྱ་ནག་གཞུང་ནས་ཕྱི་བསྐྱོད་ལག་འཁྱེར་སྤྲོད་རྒྱུར་ཚོད་འཛིན་བྱེད་ཀྱི་ཡོད་པ་མ་ཟད། མདོ་དབུས་ཁམས་གསུམ་གྱི་བོད་མི་རྣམས་བོད་ཀྱི་ས་ཆ་ནང་ཁུལ་དུ་གཉེན་འཕྲད་དང་གནས་སྐོར་སོགས་སུ་འགྲོ་རྒྱུར་ཡང་བཀག་འགོག་དང་དམ་བསྒྲགས་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད། དཔེར་ན། ཉེ་ཆར་མདོ་སྨད་སྐུ་འབུམ་དགོན་པར་ཆོ་འཕྲུལ་སྨོན་ལམ་གྱི་སྐབས་དམག་མི་འབོར་ཆེ་བཀྲམས་ཏེ་གྲྭ་བཙུན་དང་བོད་མི་ཆོས་མཇལ་བ་རྣམས་འཇིགས་དངངས་སྐྱེ་དགོས་པའི་གནས་སྟངས་བཟོས་ཡོད། དེ་བཞིན་མདོ་སྨད་ཀླུ་ཆུ་ཁུལ་ནས་རྔ་པ་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ལོ་འཁོར་གྱི་འཆམ་དང་བཅོ་ལྔ་མཆོད་པ་སོགས་མཇལ་དུ་འགྲོ་མཁན་རྣམས་ལམ་བར་དུ་བཀག་འགོག་བྱས་པ་སོགས་བྱུང་འདུག རྒྱ་ནག་གཞུང་ནས་བོད་མི་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་འབངས་གཞན་དང་འདྲ་བར་ཕྱི་བསྐྱོད་ལག་འཁྱེར་ཐོབ་ཐང་ཡོད་པ་ལྟར་སྤྲད་དེ་འགྲུལ་བསྐྱོད་དང་། ཕྱོགས་མཚུངས་བོད་ཀྱི་ས་ཆ་ནང་ཁུལ་དུ་ཡང་འགྲོ་འདུག་གི་རང་དབང་སྤྲོད་དགོས་པ་བཅས་ནན་བརྗོད་བྱེད་རྒྱུ་ཡིན།

གཞན་ཡང་བོད་མི་ཚོས་ཁྲིམས་མཐུན་ཐོབ་ཐང་སྲུང་སྐྱོབ་དང་མངོན་འདོད་ཁག་ཞི་བའི་སྒོ་ནས་བཏོན་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་དང་དྲག་གནོན་སོགས་བྱེད་བཞིན་ཡོད། དཔེར་ན། བཀྲ་ཤིས་དབང་ཕྱུག་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཁྲིམས་མཐུན་ཞུ་གཏུགས་བྱས་པར་ཁ་བྲལ་གྱིས་ཉེས་མིང་བཙུགས་ཏེ་བཙོན་འཇུག་བྱས་ཡོད། དེ་བཞིན་མདོ་སྨད་ཨ་མཆོག་ཡུལ་ཚོའི་བོད་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་མཆོད་བཀུར་བྱ་ཡུལ་གྱི་བླ་རིར་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་གྱིས་ཁོར་ཡུག་ལ་གནོད་སྐྱོན་གཏོང་བཞིན་པ་དེ་དང་། ཡང་ཁམས་མི་ཉག་ཏུ་གཏེར་ཁ་བཏོན་པའི་རྫས་རིགས་ཀྱིས་ཁོར་ཡུག་འབག་བཙོག་བཟོས་པ་བཅས་སོ་སོར་ས་གནས་བོད་མི་ཚོས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་རེ་འདུན་བྱས་པར་ཉེན་རྟོག་པ་མང་པོ་བཏང་སྟེ་དྲག་གནོན་བྱས་ཡོད། དོན་སྙིང་བོད་མི་རྣམས་འགུལ་བསྐྱོད་ཙམ་ཡང་བྱེད་པའི་རང་དབང་མེད་པར་བརྟེན་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་བསྲེགས་གཏོང་དགོས་ཀྱི་གནས༌སྟངས་ཡང་བཟོ་བཞིན་ཡོད། སྔ་ལོ་ཕྱི་ཟླ་ ༡༢ ནང་བཀྲ་ཤིས་རབ་བརྟན་གྱིས་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་གྱུར་ཡོད། དེས་ན་བོད་མིར་དམ་བསྒྲགས་བྱེད་རྒྱུ་མཚམས་འཇོག་དང་། ཉེས་མིང་ཅི་རིགས་བཏགས་ཏེ་བཀག་ཉར་བཙོན་འཇུག་བྱས་པའི་བོད་མི་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་བརྗོད་རྒྱུ་ཡིན།

བོད་མིའི་ཐོག་དམ་བསྒྲགས་ཇི་ཡོད་སོགས་ཀྱི་གནས་སྟངས་སྐོར་རྒྱལ་སྤྱིའི་སྙན་ཐོ་ཁག་ནས་ཀྱང་གསལ་རྟོགས་ཐུབ་རྒྱུ་རེད། དེ་ཡང་ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་གཞུང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་སྙན་ཐོའི་ནང་། རྒྱ་ནག་ནི་ཆོས་དད་རང་དབང་ཐད་དམིགས་བསལ་དོ་སྣང་དགོས་པའི་རྒྱལ་ཁབ་ ༩ ཐེར་འདོན་བྱས་པའི་ནང་ཚུད་ཡོད་པ་མ་ཟད་གནས་སྟངས་སྔ་ལོ་ལས་ཇེ་སྡུག་ཏུ་ཕྱིན་པ་ཡང་འཁོད་འདུག དེ་བཞིན་ཕྱི་ལོ་ ༢༠༡༥།༡༦ ལོའི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པའི་སྙན་ཐོའི་ནང་ཡང་། རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པ་བསྡོམས་བརྒྱབ་འདུག དེ་མཚུངས་མང་གཙོ་དང་། ཆབ་སྲིད་རང་དབང། འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྟོག་ཞིབ་བྱེད་མཁན་ཨ་རིར་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གྲགས་ཅན་རང་དབང་ཁང་པ་ཞེས་པའི་ཕྱི་ལོ་ ༢༠༡༦ ལོའི་སྙན་ཐོའི་ནང་དུ་ཡང་། ཆབ་སྲིད་དང་སྤྱི་དམངས་ཐོབ་ཐང་གི་གནས་སྟངས་འཛམ་གླིང་ནང་སྡུག་ཤོས་ནང་ནས་སྡུག་ཤོས་ཨང་གཉིས་པ་དེ་བོད་ཡིན་པ་མཐའ་བསྡོམས་གསལ་པོ་བརྒྱབ་འདུག

དོན་སྙིང་བོད་མིའི་ཐོག་དམ་བསྒྲགས་ཇེ་ཆེར་གཏོང་བཞིན་པའི་སྲིད་བྱུས་འདི་ནི་རྒྱ་ནག་གཞུང་གི་རིག་གནས་གསར་བརྗེ་ཟེར་བ་དེ་མཇུག་བསྒྲིལ་ནས་ད་ཆ་ལོ་ ༤༠ སོང་བའི་རྗེས་སུ་སླར་ཡང་བསྐྱར་སློང་བྱེད་པ་ལྟ་བུ་ཆགས་ཡོད། དེར་བརྟེན་རྒྱ་གཞུང་གི་འགོ་འཁྲིད་ཚོས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་རྒྱ་ནག་གི་དམར་ཚོགས་སྤྱི་ཁྱབ་དྲུང་ཆེ་ཧུའུ་ཡའོ་པང་གིས་བོད་ཐོག་བཟུང་བའི་གུ་ཡངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་དང་། ༸གོང་ས་མཆོག་གིས་འདོན་གནང་མཛད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་དོན་འགྲིག་འཇགས་ཡོང་རྒྱུར་༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་བསྐྱར་མཐུད་ཡོང་བར་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་ཡིན།

སྔ་ལོ་ཕྱི་ཟླ་ ༡༢ པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་ལུགས་ནང་པའི་བཙུན་མ་ཉི་ཤུ་ཐམ་པར་ལོ་རྒྱུས་རང་བཞིན་ལྡན་པའི་དགེ་བཤེས་མའི་ལག་འཁྱེར་བསྩལ་བ་དང་། དེ་བཞིན་བཀའ་ཤག་ནས་སྔར་ཡོད་བུད་མེད་ནུས་ཤུགས་སྤེལ་བའི་སྲིད་བྱུས་ལ་བསྐྱར་ཞིབ་ཀྱིས་སྲིད་བྱུས་གསལ་བསྒྲགས་དང་དེ་འབྲེལ་ཚོགས་ཆེན་ཐེངས་དང་པོ་བསྐོང་བ་བཅས་ནི་བོད་ཀྱི་ཆོས་སྲིད་ཀྱི་བྱ་གཞག་ཁག་གི་ནང་བུད་མེད་རྣམས་ནས་ནུས་པ་མཉམ་སྤུངས་ཡོང་ཐབས་ཀྱི་དམིགས་ཡུལ་ཞིག་ཡིན། བཀའ་ཤག་གིས་འདི་ལོ་ནས་བཟུང་ཕྱི་ཟླ་ ༣ ཚེས་ ༡༢ དེ་བཞིན་བོད་ཀྱི་བུད་མེད་ཀྱི་ཉིན་མོར་སྲུང་བརྩི་ཞུ་རྒྱུར་གཏན་འབེབས་བྱས་ཡོད།

༸གོང་ས་མཆོག་གིས་རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་བཀའ་སློབ་རིམ་ཕེབས་བཞིན། བཀའ་ཤག་གི་ལྔ་དང་ལྔ་བཅུའི་ཐབས་བྱུས་འོག་ནས་འབྱུང་འགྱུར་ལོ་ལྔའི་ནང་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཞག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་དང་། འབྱུང་འགྱུར་ལོ་ལྔ་བཅུའི་རིང་བོད་མིའི་སྒྲིག་འཛུགས་མུ་མཐུད་སྲ་བརྟན་རྒྱུན་གནས་ཐུབ་པ་བྱས་ཏེ་བོད་མིའི་རང་དབང་འཐབ་རྩོད་རྒྱུན་སྐྱོང་བྱེད་རྒྱུ་ཡིན། འོན་ཀྱང་བོད་མིའི་རྩ་དོན་ལ་གནོད་གཞི་༸གོང་ས་མཆོག་ལ་གཞི་མེད་མཚན་སྨད་ཞུ་མཁན་རྒྱ་ནག་གཞུང་གི་རྒྱུགས་ཁྱིའམ་དོལ་རྒྱལ་རྗེས་འབྲང་པ་ཁ་ཤས་ཀྱི་གཙོས་སྨྲ་བརྗོད་རང་དབང་ཁ་ལ་འཁྱེར་ནས་༸གོང་ས་མཆོག་ལ་ཟུར་ཟ་བྱེད་མཁན་བོད་མི་རེ་ཟུང་ཡོད་པ་ཚོའི་ཐ་ཤལ་གྱི་བྱེད་བབ་དེ་རིགས་ལ་མཐའ་གཅིག་ཏུ་ངོ་རྒོལ་དང་གདོང་ལེན་བྱེད་རྒྱུ་ཡིན། བྱེད་བབ་དེ་རིགས་ནི་བོད་མི་ནང་ཁུལ་དཀྲུགས་ཤིང་དང་། དགྲ་དགའ་གཉེན་སྡུག་ཡོང་གཞི་ཡིན་པས་མཚམས་འཇོག་ངེས་པར་བྱེད་དགོས་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན།

ཕྱི་ལོ་ ༢༠༡༧ ལོ་འདི་བཞིན་བོད་མིའི་སྒྲིག་འཛུགས་ནས་ལས་འགུལ་གྱི་ལོར་སྲུང་བརྩི་བྱེད་རྒྱུ་ཡིན་པ་ལྟར་བོད་ནང་གི་ཛ་དྲག་གནས་སྟངས་སོགས་རྒྱལ་སྤྱིའི་ནང་ངོ་སྤྲོད་དང་གོ་རྟོགས་རྒྱ་གང་ཆེ་སྤེལ་བའི་ཐོག་ནས་རྒྱབ་སྐྱོར་སྔར་ལྷག་ཡོངས་ཐབས་བྱེད་རྒྱུ་ཡིན། དེ་བཞིན་ཕྱི་ལོ་ ༢༠༡༨ ལོ་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་མི་ལོ་ ༦༠ འཁོར་བའི་དྲན་གསོའི་དུས་ཚིགས་ཤིག་ཡིན་ན། རྒྱ་བལ་འབྲུག་གསུམ་གཙོ་གྱུར་བོད་མི་གནས་སྡོད་བྱ་ཡུལ་གྱི་རྒྱལ་ཁབ་ཁག་གི་ནང་བཀའ་དྲིན་རྗེས་དྲན་གྱི་ངོ་བོར་སྲུང་བརྩི་ཞུ་རྒྱུ་ཡིན།

དེ་རིང་གོ་སྐབས་འདི་བརྒྱུད་ཨ་རིའི་རྒྱལ་ཡོངས་མང་གཙོའི་ཐེབས་རྩས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལ་གཟེངས་བསྟོད་ཀྱི་བྱ༌དགའ་གནང་བ་དང་། ཨ་རིའི་རོགས་ཚོགས་ནས་བཙན་བྱོལ་བོད་མིའི་སྨན་བཅོས་ལྟ་སྐྱོང་ལས་གཞིར་གཟེངས་བསྟོད་ཡིག་ཆ་གནང་བ་བཅས་ལ་ཐུགས་རྗེ་ཆེ་དང་། ལྷག་པར་བོད་མི་རྣམས་ལ་བཀྲིན་ཤིན་ཏུ་ཆེ་བའི་རྒྱ་གར་དབུས་སའི་གཞུང་མང་གཉིས་ལ་དམིགས་བསལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག རྒྱལ་སྤྱི་ཁྱོན་ཡོངས་ལ་གནས་པའི་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་མཁན་གྱི་གཞུང་དང། དབུ་འཁྲིད། གྲོས་ཚོགས། ཉི་ཧོང་དང་ཨིན་ལེནཌ། ཁེ་ན་ཌ་བཅས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཐེ་བའི་གྲོས་ཚོགས་འཐུས་མི་གཞན་ཁག དེ་བཞིན་ཚོགས་སྒེར་བཅས་ཡོངས་ལའང་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་ཇི་སྲིད་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་མུ་མཐུད་ནས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་ཡིན།

འདི་ལོ་ཕྱི་ཟླ་དང་པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་བའི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་མཛད་ཆེན་ལེགས་གྲུབ་བྱུང་ཡོད་པ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་སྐྱེད་བྱིན་མཐུ་ལས་བྱུང་བ་ཡིན་ལ། ཞོར་དུ་བླ་སློབ་དབར་དམ་ཚིག་གཙང་མ་ཡོད་པ་ཡང་མཚོན་ཐུབ། དུས་འཁོར་དབང་ཆེན་སྐབས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དགུང་ལོ་བརྒྱ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སླར་ཡང་ཕེབས་པ་ནི་རང་ཅག་རྣམས་ཀྱི་བསོད་ནམས་ཡིན་པས་༸མགོན་པོ་གང་ཉིད་ལ་དད་གུས་ཡོད་པའི་སྐྱེ་བོ་སྤྱི་དང་སྒོས་སུ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བཀྲིན་བླ་ལྷག་ཏུ་ཆེ་ཆེ་ཞུ་བ་དང་ཆབས་ཅིག དེ་ལྟར་ཡོང་བར་རང་ཅག་གངས་ཅན་པ་ཡོངས་ཀྱིས་སྤྱི་མཐུན་བསོད་ནམས་ཀྱིས་འཆུན་པ་དགོས་རྒྱུ་ཤིན་ཏུ་གལ་ཆེ་བས་རྣམ་དཀར་དགེ་བའི་ལས་ལ་འབད་འབུངས་དང་། ༸མགོན་པོ་གང་ཉིད་མཆོག་གིས་ཅི་གསུང་བཀའ་སྒྲུབ་ཞུ་རྒྱུ། བོད་མི་ནང་ཁུལ་ཆོལ་ཁའི་འཐེན་འཁྱེར་སྤངས་ཏེ་མཐུན་ལམ་དམ་ཚིག་རྡོག་རྩ་གཅིག་བསྒྲིལ་བཅས་བྱེད་དགོས་པའི་འབོད་སྐུལ་བསྐྱར་ནན་བྱེད་རྒྱུ་ཡིན། དེ་བཞིན་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ཇི་ཕེབས་ལྟར་གཞིས་བྱེས་བོད་མི་ཚོས་རང་གཞན་གཉིས་ཕུང་གི་རྒྱུ་ཆང་རག་ཚོད་མེད་འཐུང་བ་དང་། རྒྱན་རྩེད་བྱེད་པ་སོགས་བག་མེད་ཀྱི་བྱ་སྤྱོད་རིགས་སྤོང་དགོས་པ་དང་། དེའི་ཚབ་ཏུ་རང་གི་བུ་ཚའི་ཤེས་ཡོན་ཐོག་འགྲོ་གྲོན་གཏོང་དགོས་པའི་རེ་སྐུལ་ནན་པོ་ཞུ་རྒྱུ་དང་། རང་རིགས་དཔལ་འབྱོར་གྱི་གནས་བབ་བཟང་པོ་ཡོད་མཁན་ཚོས་ཀྱང་སོ་སོའི་བུ་ཚ་དང་མི་རིགས་ཀྱི་ཤེས་ཡོན་ཐོག་འགྲོ་གྲོན་གཏོང་གནང་ཡོང་བའི་འབོད་སྐུལ་བྱེད་རྒྱུ་ཡིན།

མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་རེ་བ་དང་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༠ ལ།། །།