ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢༢ ཉིན་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་སྡོད་ཁང་དཀའ་སེལ་སླད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་འགན་ཁུར་རྐང་བཞེས་ཀྱིས་ཨི་ཊ་ལི་ཝི་མ་ལ་རོགས་ཚོགས་ནས་དཔལ་འབྱོར་གྱི་མཐུན་འགྱུར་རོགས་རམ་འོག་རྡ་ས་མེག་གྷན་དུ་གྲུ་འཛིན་དགའ་ཚལ། ཞེས་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ཆེད་སྡོད་ཁང་གྲངས་ ༡༡ དང་།
དེ་བཞིན་རྡ་ས་བོད་མིའི་ས་གནས་འགོ་འཛིན་ཁུངས་ཀྱི་ལས་བྱེད་ཆེད་ལས་ཤག་གྲངས་ ༥ བཅས་ཁྱོན་སྡོད་ཁང་གྲངས་ ༡༦ གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཀྱིས་དབུ་འབྱེད་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།
ཁང་པ་འདིའི་ནང་བཞུགས་མཁན་རྣམས་ཆབ་སྲིད་བཙོན་ཟུར་རེད། རྒྱ་ནག་གཞུང་གིས་བོད་ནང་བཙན་བཟུང་དང་མནར་གཅོད་བཏང་བ་དེ་དག་འགྲིག་གི་མི་འདུག ཅེས་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་མཁན་རྣམས་འདིར་བཞུགས་བཞིན་ཡོད། བོད་ནང་སྐུ་ལས་བསྐྱོན་སྐབས་རྒྱ་ནག་གཞུང་གི་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་འགྲིག་གི་མི་འདུག ཅེས་ངོ་བརྒོལ་བྱས་པར་བརྟེན་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་དང་ཉེས་རྡུང་བཏང་བ་སོགས་དཀའ་ངལ་ཧ་ཅང་ཆེན་པོ་བཟོས་པ་རེད། ཆབ་སྲིད་བཙོན་ཟུར་རྣམས་ཀྱིས་བོད་སྤྱི་པའི་རྩ་དོན་སླད་སྐུ་ལས་ཧ་ཅང་བསྐྱོན་ཡོད།
བཀའ་ཤག་སྐབས་བཅུ་བཞི་པའི་སྐབས་ངོས་རང་བཀའ་བློན་ཁྲི་པ་གསར་པར་སླེབས་ཡོད། ཆབ་སྲིད་བཙོན་ཟུར་དང་། འབྲེལ་ཡོད། འབྲེལ་ཆགས་བཅས་ཀྱི་ཐོག་སྙན་ཞུ་འབུལ་མཁན་དང་དོ་བདག་བཅར་མཁན་དེ་འདྲ་འགའ་ཤས་ཕེབས་སོང་། ཁོ་རང་ཚོས་ག་རེ་གསུང་གི་འདུག་བརྗོད་ན། བཙན་བྱོལ་ནང་བཞུགས་ཡུལ་སོགས་ཀྱི་སྐུ་ངལ་ཡོད་པ་དང་། ཟླ་རེའི་དོད་དེ་ཉུང་དྲགས་པ་དེ་འདྲ་གསུང་གི་འདུག ཟླ་རེའི་དོད་ག་ཚོད་རེད་ཅེས་འདྲི་སྐབས། ཆབ་སྲིད་བཙོན་ཟུར་ཡིན་ན། ཟླ་རེའི་དོད་ ༤༠༠༠ རེད་གསུངས་བྱུང་།
འབྲེལ་ཡོད་དང་འབྲེལ་ཆགས་ལ་སྟོང་ཕྲག་གཅིག་གཉིས་ཡིན་ས་རེད། འདང་ངེས་ཤིག་ཡོང་བར་ག་ཚོད་དགོས་མིན་རྩིས་ཤིག་བརྒྱབ་ཤོག་བརྗོད་སྐབས་ཟླ་རེའི་དོད་སྟོང་ཕྲག་དྲུག་ཙམ་ཡོད་ན་འགྲིག་ས་རེད་གསུངས། དེར་བརྟེན་ཕལ་ཆེར་རྩིས་ལོ་ ༢༠༡༢།༡༣ དང་ ༢༠༡༣།༢༠༡༤ སྔོན་རྩིས་ནང་ཆབ་སྲིད་བཙོན་ཟུར་རྣམ་པའི་ཟླ་རེའི་དོད་དང་འབྲེལ་ཡོད་འབྲེལ་ཆགས་ཀྱི་ཟླ་རེའི་དོད་སྤར་ཡོད།
རྒྱུ་མཚན་ནི། ༸གོང་ས་མཆོག་གིས་དོན་གྱི་བདག་པོ་བོད་ནང་ཡོད། བོད་ནང་ཡོད་པའི་བོད་མི་ཚོ་དོན་གྱི་བདག་པོ་རེད། ཅེས་དུས་རྟག་ཏུ་བཀའ་སློབ་སྩོལ་བཞིན་ཡོད། དེར་བརྟེན་དོན་གྱི་བདག་པོ་བོད་ལ་ཡོད་མཁན་ཚོས་སྐུ་ལས་བསྐྱོན་ཏེ་བཙན་བྱོལ་དུ་འབྱོར་བའི་སྐབས་༸གོང་ས་མཆོག་གིས་བཀའ་དགོངས་གཞིར་བཟུང་ཁོང་རྣམས་ལ་གཟིགས་རྟོག་གནང་མཁན་ཕ་མ་ལྟ་བུ་བཀའ་ཤག་ཆགས་ཀྱི་ཡོད། ཁོང་ཚོར་སྐུ་ངལ་འཕྲད་ཀྱི་ཡོད་ན་དེར་སེལ་ཐབས་བྱེད་དགོས་འདུག་བསམས་པའི་ཐོག་ཟླ་རེའི་དོད་སྤར་བ་རེད། ཅེས་དང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཡོད། འབྲེལ་ཆགས་བཅས་ཀྱི་དཀའ་སེལ་སླད་ལས་གཞི་ཇི་སྤེལ་སྐོར་ངོ་སྤྲོད་དང་སྦྲགས་གསུང་དོན། ཆབ་སྲིད་བཙོན་ཟུར་རྒྱ་གར་ནང་བཞུགས་མཁན་ཁྲོད་བཞུགས་ཡུལ་དགོས་ཀྱི་ཡོད་ན། ང་ཚོས་ཆབ་སྲིད་བཙོན་ཟུར་རྣམས་ཀྱི་ཆེད་ཁང་པ་བརྒྱབ་སྟེ་བཞུགས་ཡུལ་གོ་སྒྲིག་ཞུས་ཡོད། ཆབ་སྲིད་བཙོན་ཟུར་འགའ་ཤས་དགོན་སྡེ་ཁག་ནང་ཆོས་ཞུགས་གནང་ཡོད་པ་དང་། དེ་བཞིན་གཉེན་སྒྲིག་བྱས་ནས་ས་གནས་ཁག་ཏུ་བཞུགས་ཡོད་ན་གནས་ཚུལ་ཐ་དད་རེད།
བཀའ་ཤག་སྐབས་ ༡༤།༡༥ ནས་༸གོང་ས་མཆོག་གིས་བཀའ་དགོངས་དང་བོད་ནང་གི་བོད་མིའི་མངོན་འདོད་གཞིར་བཟུང་རྩ་དོན་སླད་སྐུ་ངལ་སྐྱོན་མཁན་ཚོར་གཟིགས་དགོས་རྒྱུ་ང་ཚོར་འགན་ཡོད་རེད་ལ་དེ་ལ་འཇོན་ཚོད་དཔག་ཚོད་བྱས་ནས་འབྲས་བུ་ཕྲན་བུ་སྨིན་པ་ལྟ་བུ་ཆགས་ཡོད། སྤྱི་ཡོངས་ཐོག་ནས་ང་ཚོར་འགན་ཡོད་པ་འདི་ཕྲན་བུ་བསྒྲུབས་ཡོད་བསམ་དྲན་བཞིན་འདུག
ང་ཚོས་འགན་དེ་བསྒྲུབས་ཡོད། ཅེས་རྣམ་པ་ཚོར་ངོ་སོ་གང་ཡང་མིན། ང་ཚོར་འགན་ཡོད་པ་འདི་ཡོད་ལ་བཅངས་པའི་ཐོག་ནས་༸གོང་ས་མཆོག་གིས་བཀའ་སློབ་ཡིད་ལ་བཅངས་པའི་ཐོག་ནས་བོད་ནང་བོད་མིས་སྐུ་ངལ་བསྐྱོན་པར་བརྟེན་ང་ཚོས་གཅིག་བྱས་དགོས་རེད། ཅེས་འགན་ཞིག་ཡོད། འགན་དེ་བསྒྲུབས་ཡིན་བསམས་པ་མ་གཏོགས་ང་ཚོས་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད་བསམ་པ་དྲན་གྱི་མི་འདུག
ད་དུང་ཡིན་ནའང་ཆབ་སྲིད་བཙོན་ཟུར་འབྲེལ་ཡོད་འབྲེལ་ཆགས་མི་ཉུང་བ་ཞིག་ཡོད། ཕྱིས་སུ་ཕེབས་མཁན་ཉུང་དུ་ཕྱིན་ཡོད་ནའང་ད་དུང་མང་ཉུང་ལ་མ་ལྟོས་པར་མུ་མཐུད་ནས་བྲོས་བྱོལ་དུ་ཕེབས་བཞིན་ཡོད། ད་རེས་ཁང་པ་བགོ་སྟངས་ནང་ཆབ་སྲིད་བཙོན་ཟུར་རྩི་སྟངས་དེ་ཡང་ཕྲན་བུ་འགྱུར་བ་བཏང་སྟེ། དེ་སྔ་སྐུ་ལས་བསྐྱོན་མཁན་ཚོ་ཡོད་པ་ཡིན་ན། ཁོ་རང་ཚོ་ཐོ་རྒྱག་ན་འགྲིག་གི་རེད། ཅེས་གསལ་བསྒྲགས་བྱེད་སྐབས། ཁང་མིག་བཅུ་གཅིག་ཡོད་ལ་སྙན་ཞུ་འབུལ་མཁན་ཡང་བཅུ་གཅིག་བྱུང་བ་རེད། ཆབ་སྲིད་བཙོན་ཟུར་གྱི་གྲངས་ཐོ་དང་ཆ་རྐྱེན་དེ་དག་ཚང་མ་བདེ་སྲུང་ལས་ཁུངས་ནས་བྱེད་ཀྱི་ཡོད། བདེ་སྲུང་ལས་ཁུངས་ནས་གཏན་འབེབས་གནང་བ་གཞིར་བཟུང་ཐོ་རྒྱག་མཁན་ཆ་ཚང་ལ་བཞུགས་ཡུལ་གོ་སྒྲིག་ཞུ་ཐུབ་པ་འདི་ཡག་པོ་བྱུང་འདུག་བསམས་པ་དྲན་བྱུང་།
ནང་སྲིད་བཀའ་བློན་དང་བཀའ་ཟུར། དེ་བཞིན་ནང་སྲིད་ལས་བྱེད་ཡོངས་ནས་སྐུ་ལས་ཧ་ཅང་བསྐྱོན་ཡོད། དེ་བཞིན་ཝི་མ་ལ་རོགས་ཚོགས་ཀྱི་སྐུ་ཚབ་རྣམ་གཉིས་འདིར་ཕེབས་ཡོད། ཝི་མ་ལ་རོགས་ཚོགས་ནས་ལས་འཆར་འདི་དང་གཞན་ཡང་སྤྱི་ཡོངས་ཐོག་བོད་པར་ཤ་ཞེན་ཡོད་པ་དང་མཉམ་དུ་ནམ་རྒྱུན་ལས་ལྷག་པའི་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
གཙོ་ཆེ་ཤོས་ཆབ་སྲིད་བཙོན་ཟུར་རྣམ་པ་འདིར་བཞུགས་པའི་རིང་ནང་སྲིད་དང་བདེ་སྲུང་ལས་ཁུངས་ནས་གཙང་སྦྲ་འཕྲོད་བསྟེན་ཐོག་ནས་ཡག་པོ་ཉར་དགོས་པའི་གན་རྒྱ་ཞིག་ཡོད། གང་ཡིན་ཟེར་ན་ལོ་གཉིས་གསུམ་རྗེས་ལ་རོགས་ཚོགས་འདིར་ཕེབས་པའི་སྐབས་སུ་ཁྱེད་རང་ཚོ་ཁང་པ་བདག་པོ་རྒྱག་སྟངས་འདི་འདྲ་རེད་དམ། ང་ཚོ་ངོས་ནས་ཆབ་སྲིད་བཙོན་ཟུར་རྣམས་རྩ་ཆེན་པོ་བརྩིས་ནས་བཞུགས་ཡུལ་གྲ་སྒྲིག་ཞུས་ཡོད། འོན་ཀྱང་བདག་པོ་ཡག་པོ་བརྒྱབ་མི་འདུག ཅེས་གསུང་དགོས་པ་དེ་འདྲ་བྱུང་བ་ཡིན་ན། རོགས་ཚོགས་ཐུགས་ཕམ་རྒྱུ་དང་སོ་སོའི་འཕྲོད་བསྟེན་ལའང་གནོད་པ་སོགས་བྱུང་བ་ཡིན་ན་རང་གཞན་ཚང་མར་ཕན་ཐོགས་གང་ཡང་མེད། ཅེས་སོགས་ཀྱི་གསུང་བཤད་གནང་།།