༢༠༡༧ ཟླ་ ༢ ཚེས་ ༥ རེས་གཟའ་ཉི་མ།
༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉི་ཧོང་གི་རྒྱལ་ས་ཊོག་ཡོའི་ན་རི་ཏ་རྒྱལ་སྤྱིའི་གནམ་ཐང་དུ་འཕེབས་འབྱོར་སྐབས་སྐུ་ཚབ་དོན་གཅོད་ལུང་རྟོགས་ལགས་དང་ས་གནས་བོད་རིགས་ཚོགས་པའི་སྐུ་ཚབ་འཐུས་མི། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་ལག་ཏུ་བོད་ཀྱི་རྒྱལ་དར་སོགས་འཁྱེར་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག
ཐེངས་འདིར་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་འཐུས་མི་ ༨༧ ལས་གྲུབ་པའི་ཉི་ཧོང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། གྲོས་ཚོགས་འོག་མའི་ནང་བོད་དང་བོད་མིའི་ཆོས་དད་རང་དབང་ཐོག་གསུང་བཤད་ཀྱང་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༡༢ ཉིན་སྲིད་སྐྱོང་མཆོག་གིས་ས་གནས་བོད་རིགས་རྣམས་ལ་གསུང་བཤད་གནང་རྗེས་ཕྱི་ཚེས་ ༡༣ ཉིན་ཉི་ཧོང་རྒྱལ་ཡོངས་སྲིད་བྱུས་སློབ་སྟོན་སྒྲིག་འཛུགས་ Japan Institute for National Fundamentals ཞེས་པའི་ཚོགས་གཙོ་དང་ཡུན་རིང་ནས་བོད་དོན་རྒྱབ་སྐྱོར་བ་ལྕམ་ཡོ་ཤི་ཀོ་ས་ཀུ་རའི་ Ms Yoshiko Sakurai ལགས་དང་ལྷན་གནད་དོན་གལ་ཆེ་ཁག་གཅིག་ཐོག་བགྲོ་གླེང་གནང་རྒྱུ་དང་།
ད་ལྟའི་བོད་ནང་གི་གནས་སྟངས་དང་བོད་ཀྱི་གནད་དོན་གསལ་བའི་ཐབས་ལམ། དེ་བཞིན་བོད་དེ་ཅིའི་ཕྱིར་ཨེ་ཤི་ཡ་དང་འཛམ་གླིང་ལ་གལ་གནད་ཆེན་པོ་ཆགས་ཡོད་པ། དེ་བཞིན་འགོ་ཁྲིད་སོགས་བརྗོད་གཞི་འདྲ་མིན་ཐོག་གསུང་བཤད་གནང་རྒྱུ་ཡིན་འདུག
དེ་ནས་རིམ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱལ་སའི་ནང་རྟེན་གཞི་བྱས་པའི་ཏ་མ་གྷ་བ་མཐོ་སློབ་ Tamagawa University དང་ཉི་ཧོང་གི་རྒྱལ་ས་རྙིང་པ་ཀྱོ་ཏོའི་ནང་རྒྱལ་སྤྱིའི་བྱིས་པའི་རི་མོའི་འགྲེམས་སྟོན་ཁང་ International Comic Museum དུ་ཕེབས་ནས་བྱིས་པ་དང་ལས་བྱེད་བཅས་དང་ལྷན་ཐུག་འཕྲད་གནང་རྒྱུ་ཡིན་འདུག ཕྱོགས་མཚུངས་ཉི་ཧོང་གི་ཤིན་ཊོ་ཆོས་ལུགས་ཀྱི་སྲོལ་རྒྱུན་འོག་ཉི་ཧོང་གི་རྒྱལ་པོ་གྲགས་ཅན་མེ་ཇི་ Emperor Meiji མཆོག་གི་དྲན་རྟེན་མཆོད་རྟེན་དུ་གནས་གཟིགས་གནང་རྒྱུ་དང་། ས་གནས་དེར་ཉི་ཧོང་ས་ཁུལ་གང་ས་ནས་ཤིང་སྡོང་གྲངས་ ༡༠༠ ༠༠༠ ཞལ་འདེབས་བྱུང་བ་ལྟར་ཤིང་སྣ་དེ་དག་འདེབས་འཛུགས་ཀྱིས་མཛེས་སྡུག་ལྡན་པའི་ནགས་གསེབ་ཁྲོད་མཆོད་རྟེན་དེ་བཞེངས་ཡོད་པ་བཅས།།