༢༠༡༧ ཟླ་ ༢ ཚེས་ ༢ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༢ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། བཀའ་ཤག་སྐབས་ ༡༥ པས་བུད་མེད་ཀྱི་ནུས་སྟོབས་སྤེལ་བའི་སྲིད་བྱུས་གཏན་འབེབས་བྱུང་བའི་གསར་འགོད་ལྷན་ཚོགས་ཐོག་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན།
ཕྱི་ལོ་ ༢༠༠༨ ལོར་བུད་མེད་ནུས་སྟོབས་གོང་འཕེལ་གྱི་སྲིད་བྱུས་ཤིག་བཀའ་ཤག་ནས་གཏན་འབེབས་གནང་འདུག སྲིད་བྱུས་དེ་གཞི་རྩར་བཟུང་ནས་བཀའ་ཤག་གོང་མས་བུད་མེད་ནུས་སྟོབས་ཀྱི་ལས་འཆར་དང་ལས་གཞི་ཁག་ལག་བསྟར་དོན་འཁྱོལ་ཡོང་སླད་སྐུ་ལས་བསྐྱོན་ནས་གྲུབ་འབྲས་ཀྱང་ཧ་ཅང་སྨིན་ཡོད་པ་ནི་ས་རིས་ཐང་གསལ་རེད།
ཡར་རྒྱས་ལ་མཐའ་མེད་སྟབས་བཀའ་ཤག་སྐབས་ ༡༤ ནས་དེ་སྔ་ཕྱི་ལོ་ ༢༠༠༨ ལོར་གཏན་འབེབས་གནང་བའི་སྲིད་བྱུས་དེར་བསྐྱར་ཞིབ་བྱས་ཡོད། དེ་ནི་གཙོ་བོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དེ་སྔ་བཀའ་སློབ་ལམ་སྟོན་ཕེབས་པ་མ་ཟད། ཉེ་ལམ་ནས་མགོན་པོ་གང་ཉིད་མཆོག་གིས་སྤྱི་ཚོགས་ཁྲོད་བུད་མེད་ཀྱི་ནུས་སྟོབས་སྤེལ་དགོས་རྒྱུ་གལ་ཆེ་ཡིན་སྐོར་དང་། གལ་ཏེ་བུད་མེད་འགོ་འཁྲིད་མཁན་བྱུང་བ་ཡིན་ན་བཟང་སྤྱོད་དང་བྱམས་བརྩེའི་ཚོར་བ་གཞན་ལས་ལྷག་པ་ཡོང་ཐུབ་རྒྱུ་ཡིན་སྐོར། དེ་བཞིན་འཛིན་སྐྱོང་དང་སྤྱི་ཚོགས་གང་གི་ཐད་ནས་ཀྱང་ལས་དོན་རྣམས་ཚགས་ཚུད་ལྡན་པ་ཡོང་ཐུབ་རྒྱུ་ཡིན་པའི་བཀའ་སློབ་རིམ་པ་ཕེབས་ཡོད།
དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་དེ་དག་གཞི་རྩར་བཟུང་ནས་བཀའ་ཤག་སྐབས་ ༡༤ སྐབས་བོད་མིའི་སྒྲིག་འཛུགས་ནང་བུད་མེད་སྲི་ཞུ་བ་གནས་རིམ་སྡེ་ཚན་འགན་འཛིན་མན་ཆད་དང་། སྡེ་ཚན་འགན་འཛིན་ཡན་གྱི་བུད་མེད་སྲི་ཞུ་བ་རྣམས་མཉམ་འཛོམས་ཐོག་ཚོགས་འདུ་ཚོགས་ནས་བསམ་ཚུལ་གང་བྱུང་བ་རྣམས་ཕྱོགས་སྒྲིག་བྱས་ཡོད། སྐབས་དེར་བཀའ་ཤག་སྐབས་ ༡༤ བུད་མེད་བཀའ་བློན་གཉིས་དང་གྲོས་ཚོགས་ཀྱི་འཐུས་མི་བཅས་དབུ་བཞུགས་གནང་ཡོད། བཀའ་ཤག་སྐབས་ ༡༤ སྐབས་ལ་བུད་མེད་ནུས་སྟོབས་སྤེལ་རྒྱུའི་སྲིད་བྱུས་ཤིག་གཏན་འབེབས་བྱེད་ན། ཞེས་གོ་བསྡུར་བྱུང་ཡོད། འོན་ཀྱང་འོས་བསྡུའི་མཚམས་ལ་འཁེལ་ཡོད་སྟབས་བཀའ་ཤག་ནས་འོས་བསྡུའི་མཚམས་ལ་སྲིད་བྱུས་ཡིན་ནའང་འདྲ། གཞན་ལས་འཆར་ཆེ་ཁག་དེ་དག་སྤེལ་མཚམས་བཞག་ན་ལེགས་ཚུལ་གྱི་བསམ་ཚུལ་བྱུང་བ་ལྟར་སྐབས་དེར་སྲིད་བྱུས་དེ་གཏན་འབེབས་གནང་མ་ཐུབ་པ་རེད།
ད་ཆ་འོས་བསྡུའི་ལས་རིམ་ཡོངས་སུ་མཇུག་སྒྲིལ་ཡོད་སྟབས། བཀའ་ཤག་སྐབས་ ༡༥ པས་དེ་སྔོན་བུད་མེད་ནུས་སྟོབས་སྤེལ་བའི་ལྷན་ཚོགས་སྐབས་བསམ་ཚུལ་ཕྱོགས་སྒྲིག་བྱུང་བ་དེ་དག་ཟིན་བྲིས་སུ་བཀོད་ནས་ཕྱོགས་སྒྲིག་དེར་བསྐྱར་ཞིབ་གཟབ་ནན་བྱས་མཐར་བཀའ་ཤག་གི་བུད་མེད་ནུས་སྟོབས་སྤེལ་བའི་སྲིད་བྱུས་ཀྱི་ཟིན་བྲིས་ཤིག་བཟོ་དགོས་པ་དང་། དེའི་ཆེད་ཟིན་བྲིས་ཚོགས་ཆུང་འཛུགས་དགོས་ཀྱི་འདུག ཅེས་པའི་བསམ་ཚུལ་ལྟར་ང་ཚོས་གཙོ་བོ་ལྷན་ཁང་ཁག་ནས་བུད་མེད་ཀྱི་སྲི་ཞུ་བ་གནས་རིམ་དྲུང་འཕར་ཕལ་ཆེ་བ་དང་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་འབྲེལ་ཡོད་ལས་བྱེད། དེ་བཞིན་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་བཅས་ནས་རིམ་པས་གོ་བསྡུར་གནང་ནས་ཐེངས་འདིར་ཟིན་བྲིས་ཆ་ཚང་ཞིག་བཟོས་ནས་བཀའ་ཤག་ལ་ཕུལ་བྱུང་། དེ་ནས་བཀའ་ཤག་ནང་ལ་བཀའ་བསྡུར་རིམ་པ་བྱུང་རྗེས་ཐེངས་འདིར་སྲིད་བྱུས་འདི་གཏན་ལ་ཕབ་ཐུབ་པ་བྱུང་ཡོད།
ཉེ་ལམ་ནས་གྲོས་ཚོགས་ནང་ལ་ཡིན་ནའང་བུད་མེད་ཀྱི་སྐུ་ཚབ་བརྒྱ་ཆ་ ༢༠ ཙམ་ཕེབས་ཡོད། ཕྱོགས་མཚུངས་སྲི་ཞུའི་ལས་བྱེད་ནང་ལ་ཡིན་ནའང་བུད་མེད་སྲི་ཞུ་བ་བརྒྱ་ཆ་ ༤༥ ཡོད། དམིགས་བསལ་ཤེས་རིག་དང་འཕྲོད་བསྟེན་ལས་ཁུངས་ནས་ཤེས་རིག་ལས་ཁུངས་ནང་བུད་མེད་ལས་བྱེད་བརྒྱ་ཆ་ ༤༨ དང་འཕྲོད་བསྟེན་ལས་ཁུངས་སུ་བརྒྱ་ཆ་ ༦༠ ཙམ་བུད་མེད་སླེབས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་། །