༢༠༡༧ ཟླ་ ༡ ཚེས་ ༡༤ རེས་གཟའ་སྤེན་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༣ ཟླ་ ༡༡ ཚེས་ ༡༧ ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་སྨིན་སྩལ་གྲུབ་མཚམས། ༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་བསྟན་འགྲོ་སྤྱི་དང་བྱེ་བྲག་བོད་གངས་ཅན་པ་རྣམས་ཀྱི་མགོན་དཔུང་དམ་པར་༸ཞབས་པད་བསྐལ་པ་ཁྲི་ཕྲག་ཏུ་བརྟན་པའི་སླད་དུ་དང་། བཅོམ་ལྡན་འདས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་སོ་བཞི་པ་ལེགས་པར་གྲུབ་པའི་བཀའ་དྲིན་གཏང་རག་གི་དགའ་སྟོན་དུ། བོད་མིའི་སྒྲིག་འཛུགས་དང་། རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས། བལ་ཡུལ་ཧི་མཱ་ལཱ་ཡའི་རི་རྒྱུད་ཚོགས་སྐྱིད་བཅས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འཁོན་རིགས་བསྟན་པའི་སྲོག་ཤིང་༸སྐྱབས་མགོན་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རིས་མེད་ཆོས་བརྒྱུད་ཀྱི་བླ་སྤྲུལ་མཁན་སློབ་དང་། རྣམ་གྲྭའི་མཁན་སློབ་ཆོས་གྲྭ། སྒྲོལ་དཀར་གྱི་བསྙེན་སོང་བྱ་བྲལ་བ། སེར་སྐྱ་ཕོ་མོ་གཞན་ཁག་ཅིག་བཅས་ནས་ཚེ་སྦྱིན་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་ཉིན་གྲངས་བདུན་རིང་ཚེ་སྒྲུབ་གནད་སྨིན་སྔོན་སོང་དང་འབྲེལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱིི་སྔ་དྲོ་ཆུ་ཚོད་ ༧།༣༠ ཙམ་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག བརྟན་བཞུགས་སྦྱིན་བདག་གཞན་གཉིས་ཀྱི་སྐུ་ཚབ་བཅས་ནས་སྤྱན་རྒྱ་སྤོས་སྣེས་སྔུན་བསུས་ཏེ་དུས་འཁོར་གསུང་རྭའི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྤྱན་རས་གཟིགས་ངན་སོང་ཀུན་གྲོལ་གྱི་སྒྲུབ་ཆོག་བསྐྱངས་ཏེ་རྗེས་གནང་བཀའ་དྲིན་སྩལ་བ་དང་སྦྲགས། བརྟན་བཞུགས་དབུ་འཛུགས་མ་གནང་གོང་༸གོང་ས་མཆོག་གིས་སླར་ཡང་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་ཀྱི་བཀའ་སློབ་ཕེབས་དོན།
ནམ་རྒྱུན་བརྟན་བཞུགས་ཀྱི་གསོལ་འདེབས་གནང་ནས་གསོལ་འདེབས་གྲུབ་མཚམས་སུ་བླ་མས་ཞལ་བཞེས་ཁས་ལེན་གནང་བའི་ལུགས་སྲོལ་ཞིག་ཡོད། དེ་རིང་འདིར་སྐད་ཆ་བཤད་པའི་ཞོར་ཡིན་སྟབས། ངོས་ཀྱིས་ནམ་རྒྱུན་འདི་ལྟར་བརྗོད་བཞིན་ཡོད་ལ། དངོས་གནས་ངོས་རང་འདི་ལྟར་དྲན་གྱི་འདུག དེ་ཡང་སྤྱོད་འཇུག་ལས། ཇི་སྲིད་ནམ་མཁའ་གནས་པ་དང༌། ། འགྲོ་བ་དེ་སྲིད་གནས་གྱུར་པ། ། དེ་སྲིད་བདག་ནི་གནས་གྱུར་ནས། ། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་ངོས་ཀྱིས་ནམ་རྒྱུན་སྨོན་ལམ་རྒྱག་བཞིན་ཡོད། དེ་ལྟར་སྨོན་ལམ་རྒྱག་བཞིན་པར་བརྟེན། ད་ལྟ་ཚེ་འདིར་རྐྱེན་སྣ་ཚོགས་ཀྱིས་ཐོག་ནས་ངོས་ཀྱིས་བརྗོད་ཆོག་ན། ཨ་མདོའི་ས་ཆ་ལུང་ཁུག་ཅིག་ནས་ཨ་མདོའི་ཕྲུ་གུ་ལྷ་མོ་དོན་གྲུབ། ངོས་ཀྱིས་ལྷ་མོ་དོན་གྲུབ་འཚུབ་འཐེར་ཞེས་བརྗོད་ཀྱི་ཡོད། དེ་ལྟ་བུའི་ཨ་མདོའི་ཕྲུ་གུ་འཚུབ་འཐེར་བ་དེ་ཉིད་ད་ཆ་ལོ་ན་ ༨༡ ནས་ ༨༢ ཀྱི་ཐོག་ཏུ་འགྲོ་བཞིན་ཡོད། གང་ལྟར་མཐོང་ཆོས་སུ་མི་ལ་ཕྲན་བུ་ཕན་ཐོགས་ཡོད་པ་ལྟ་བུ་འདུག བོད་གངས་ཅན་གྱི་ལྗོངས་ལ་ཁྱེད་རང་ཚོ་དད་པ་དང་དམ་ཚིག་གཡོ་བ་མེད་པར་བསྡད་ཡོད། ངོས་ཀྱི་ངོས་ནས་ཚེ་རབས་ནས་ལས་དང་སྨོན་ལམ་གྱིས་འབྲེལ་བ་ཡོད་སྟབས་སྨོན་ལམ་བརྒྱབ་ཀྱི་ཡིན། དེ་ལྟར་ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ཕན་ཐོགས་ཡོད་པར་བརྟེན། ཕན་ཐོགས་ཡོད་ས་དེར་ཚེ་ཇི་ཙམ་རིང་བ་གནས་པ་དེ་ཙམ་གྱིས་ཕན་ཐོགས་ཡོང་གི་རེད། ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དགུང་ལོ་བརྒྱད་ཅུ་གྱ་གྲངས་ལྟ་བུ་དགུང་ལོ་བགྲེས་པོར་ཕེབས་སྐབས། ཁོང་ཉིད་མཁས་པ་ཧ་ཅང་ཆེན་པོ་ཡིན་པ་མ་ཟད། ཁོང་གི་སློབ་མ་ཡང་མཁས་པ་ཆེན་པོ་དེ་འདྲ་ཡོད། དེ་ལྟར་སློབ་མ་མཁས་པ་འཚོགས་སྐབས་ཞིག་ལ་༸རྒྱལ་བ་དགེ་འདུན་གྲུབ་པས་ད་ནི་ལོ་རྒས་པ་སོགས་ཐུགས་འབྱོང་བའི་བཀའ་སློབ་གནང་སྐབས།སྲས་ཀྱི་ཐུ་བོ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་སྐྱེས་བུ་དམ་པ་དེ་དག་གིས་རིན་པོ་སྔོན་གྱི་ཕྱི་ནང་གིརྟགས་དང་མཚན་མ་སོགས་ཀྱི་ཐོག་ནས་དག་པའི་ཞིང་དུ་ཕེབས་རྒྱུར་ཐེ་ཚོམ་མེད་པ་རེད་ཅེས་ཞུས་པར། རྗེ་དགེ་འདུན་གྲུབ་པས། ང་དག་ཞིང་དུ་སྐྱེས་ན་བསམས་པའི་བསམ་པ་མེད། གནས་གང་དུ་སེམས་ཅན་མགོན་མེད་སྐྱབས་མེད་ཉམ་ཐག་པ་གང་དུ་ཡོད་ས་ཞིག་ཏུ་སྐྱེས་ན་བསམས་པ་ཡིན་ཞེས་གསུངས་འདུག ༸རྒྱལ་བ་དགེ་འདུན་གྲུབ་པའི་རྣམ་ཐར་ནང་དུ་གསལ་བའི་ཚིག་འདི་མཐོང་ནས་ངོས་རང་ཧ་ཅང་སེམས་ཤུགས་སྐྱེས་བྱུང་། དེར་བརྟེན་སྐྱེ་བ་ལེན་དགོས་སྟབས་སྐྱེ་བ་ལེན་པ་དེ་ཉིད་ཕན་ཐོགས་ཡོད་ས་ཞིག་ལ་སྐྱེས་ཤིང་། སྐྱེས་ནས་འཚོ་བ་དང་འཚོ་ནས་རིང་དུ་གནས་པ་བྱུང་ན་ཁ་ཡོད་ལག་ཡོད་ཀྱིས་ཕན་གྱི་ཡོད། བསྟན་པའི་ཞབས་འདེགས་གང་ཙམ་སྒྲུབ་ཀྱི་ཡོད་ལ་གཞན་ལ་ཡང་ཕྲན་བུ་ཕན་ཡོད། དེ་ཡང་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་ཅེས་པ་ནི་བརྟན་བཞུགས་འབུལ་མཁན་གྱི་བསམ་བློའི་ནང་མེད་ལ། བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་ཅེས་པ་ནི་འཛམ་གླིང་སྟོང་ནས་ངོས་རང་གཅིག་པུ་བསྡད་ན་དགོས་པ་ཡང་མེད། བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་ཅེས་པ་ཡོང་ཐབས་མེད། གང་ལྟར་ངོས་རང་ལོ་བརྒྱ་སྐོར་ཞིག་ཕལ་ཆེར་སྡོད་ཐུབ་པ་ཞིག་སྔོན་མ་ངོས་ཀྱི་རྨི་ལམ་དང་ཕྱིས་སུ་ལུང་བསྟན་ཁ་ཤས་མཐོང་བྱུང་། དེ་དག་བལྟས་ན་ཚེ་ཚད་ལོ་ ༡༡༣ ཡོད་ཀྱང་དེ་ཙམ་འཚོ་ཐུབ་མིན་བཤད་ཐུབ་མ་སོང་། འོན་ཀྱང་ལོ་བརྒྱ་སྐོར་སྡོད་རྒྱུ་ཕལ་ཆེར་ཐག་ཆོད་ཀྱི་རེད། དེར་བརྟེན་ཁྱེད་རང་ཚོ་བློ་བདེ་པོ་བྱོས། ཞེས་བཀའ་སློབ་སྩལ་ཡོད།
དེ་ནས་བརྟན་བཞུགས་ཀྱི་དབུ་བཞུགས་རྡོ་རྗེ་སློབ་དཔོན་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་ནས་མཇལ་དར་རྐྱང་འབུལ་མཛད།ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས་གསུང་མུར་གསོལ་ཇ་བཞེས་འབྲས་རིམ་པར་ཕེབས་རྗེས་ཆོས་སྐྱོང་སྤྱན་འདྲེན་དབུ་ཚུགས། རིམ་བཞིན་བླ་མ་ལྷར་བསྐྱེད་ནས་མཐར་ཆགས་སུ་མཆོད་ཕྲེང་། བསྟོད་པ། བཟླས་པ་བཅས་སོང་ནས་རྩ་རུའི་ཚོགས་འཁོར་ལ་ཐོག་མར་ཀུན་བཟང་མཆོད་སྤྲིན་གྱིས་བྱིན་བརླབས། བཟང་སྤྱོད་ཀྱི་ཡན་ལག་བདུན་པ་གསུངས་རྗེས། རྩ་རུའི་ཚོགས་འཁོར་འབུལ་བཞེས་མཛད། དེ་ནས་གསོལ་འདེབས་མཎྜལ་གསུང་བསྐུལ་གྲུབ་བསྟུན། དབུ་བཞུགས་ནས་མཎྜལ་ལྗགས་བཤད་གནང་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་གཉིས་ཀྱིས་གཡས་གཡོན་ནས་མཎྜལ་ཚོམ་བུ་འདེགས་འབུལ་དང་།
མཇུག་གི་ཚིགས་བཅད་རྗེ་བཙུན་བླ་མའི་སྐབས་དབུ་བཞུགས་ས་སྐྱ་བདག་ཁྲི་རིན་པོ་ཆེ་སྐུ་བཞེངས་ཀྱིས་མཎྜལ་ཚོམ་བུ་འབུལ་བཞེས་དང་རིམ་བཞིན་སྐུ་རྟེན། གསུང་རྟེན། ཐུགས་རྟེན། བུམ་པ། རིགས་ལྔའི་མཚན་མ། ཚེ་ཆང་། ཚེ་རིལ། སྣ་བདུན། རྟགས་བརྒྱད། རྫས་བརྒྱད་བཅས་ཚིག་བསྟུན་གྱིས་འབུལ་བཞེས་གྲུབ་པ་དང་དབུ་བཞུགས་ནས་མཇལ་ཞུ་གནང་། དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་རྣམ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས་གྲུབ་བསྟུན། ཁྲི་འཁོད་བླ་ཆེན་རྣམ་པས་རིམ་བཞིན་མཇལ་ཁ་ཞུས། དེ་རྗེས་འབུལ་དངོས་སྤྱན་ལམ་དུ་བསྟར། ༸རྒྱལ་བའི་ཞབས་བརྟན་སོགས་གསུང་མུར། ཚོགས་འགྲེམས། ཡོན་འགྱེད། གསོལ་ཇ་གཉིས་པ་ཕེབས། གཏང་རག་མཎྜལ་སྐབས། རྒྱལ་སྤྱིའི་བོད་རིགས་ཚོང་པའི་ལྷན་ཚོགས་ཀྱི་སྐུ་ཚབ་དང་། བལ་ཡུལ་ཧི་མཱ་ལཱ་ཡའི་རི་རྒྱུད་ཚོགས་སྐྱིད་ཀྱི་སྐུ་ཚབ་གཉིས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་དང་མཇལ་ཁ་ཞུས།
ཞལ་འདོན་ཉི་གཞོན་འཆར་ཁ་མ་དང་། རིས་མེད་བསྟན་རྒྱས་སྨོན་ལམ། བསྟན་འབར་མ། མཆོག་གསུམ་ཤིས་བརྗོད། བདེན་ཚིག་སྨོན་ལམ་བཅས་གསུང་མུར། བརྟན་བཞུགས་སྦྱིན་བདག་ཚོགས་པ་གཉིས་ཀྱི་ཚོགས་མི་གཉིས་རེ་དང་། སྐུ་རྟེན་རྣམ་པ་གསུམ། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་རྣམ་གྲྭ་མཁན་རིན་པོ་ཆེ། དགའ་ལྡན་ཕོ་བྲང་ཡིག་ཚང་གི་སྐུ་ཚབ། རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། ཆོས་རིག་དྲུང་ཆེ་ལས་ཚབ། དཔལ་འབྱོར་དྲུང་ཆེ། བདེ་སྲུང་ལས་ཁུངས་ཀྱི་སྐུ་ཕྱྭའི་དྲུང་ཆེ་བཅས་ནས་མཇལ་ཁ་ཞུས་ཏེ། མཐར་ཁྲི་དར་དང་ཀ་དར་སྒྲོག་ནས་བརྟན་བཞུགས་ཀྱི་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།