ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༨ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༨ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཙམ་ལ་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་གྱི་སྔོན་འགྲོའི་གསུང་ཆོས་སུ་བསྒོམ་རིམ་བར་པ་དང་སྤྱོད་འཇུག་བཤད་ལུང་གྲུབ་རྗེས་བཀའ་སློབ་སྩལ་དོན།
སངས་རྒྱས་པའི་ཆོས་འདི་ཨེ་ཤ་ཡའི་ཡུལ་གྲུ་ མང་པོ་ཞིག་ལ་ཁྱབ་འདུག ཡུལ་གྲུ་དེ་དག་དཀའ་ངལ་མང་པོར་འཕྲད་ཀྱང་སོ་སོའི་ཕ་མེས་ཀྱི་ཆོས་དེར་བདག་པོ་བརྒྱབ་ནས་ལོ་སྟོང་ཕྲག་རིང་བསྡད་པ་རེད། དེར་བཀའ་དྲིན་ཆེ་ཟེར་རྒྱུ་ཡིན། ང་རང་ཚོ་དེ་སྔ་ཕན་ཚུན་ལ་འབྲེལ་བ་ཆེན་པོ་མེད། དུས་རབས་གསར་པའི་སྐབས་སུ་ང་ཚོས་ཕན་ཚུན་ལ་འབྲེལ་བ་བྱ་རྒྱུ་སྟབས་བདེ་རུ་ཕྱིན་ཡོད་པས་བར་སྐབས་ཤྲི་ལངྐའི་དང་འབར་མའི་མཁས་དབང་། དེ་བཞིན་ཝེ་ཏི་ནམ། ཀོ་རི་ཡ། རྒྱ་ནག ཉི་ཧོང་། ཐའེ་ལན་བཅས་ལ་ང་ཚོ་འབྲེལ་བ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེ་གལ་ཆེན་པོ་རེད། བཅོམ་ལྡན་འདས་ཀྱི་རྗེས་འབྲངས་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་དང་ང་ཚོའི་འདུལ་བའི་ཉམས་ལེན་ཐུན་མོང་བ་རེད། ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་མཁན་དང་པཱ་ལིའི་ཆོས་བརྒྱུད་འཛིན་མཁན་ཚང་མས་ཤེས་རབ་སྙིང་པོ་ཐུན་མོང་དུ་འདོན་བཞིན་པ་རེད། ང་ཚོས་འབྲེལ་བ་བྱེད་ནས་ཕན་ཚུན་ལ་སློབ་སྦྱོང་དགོས། གང་ལྟར་སྟོན་པ་གཅིག་གི་རྗེས་འབྲངས་རེད་ལ་སྟོན་པ་གཅིག་གི་དགེ་ཕྲུག་ཀྱང་རེད། ཕན་ཚུན་འབྲེལ་བ་བྱེད་པ་གལ་ཆེན་པོ་རེད། བར་སྐབས་གདན་ས་ཚོའི་ནང་དུའང་འདུལ་བའི་སྐོར་ནས་བགྲོ་གླེང་བྱེད་རྒྱུ་འགོ་ཚུགས་ཡོད་པ་རེད། དེ་ཧ་ཅང་གལ་ཆེན་པོ་དང་ཚང་མར་ཕན་ཐོགས་ཡོང་གི་རེད།
ངོས་རང་ཕྱི་ལོ་ ༡༩༦༠ ནང་ཐའེ་ལནཌ་དང་སིང་ག་པོར་ལ་ཐེངས་དང་པོ་སླེབས་པ་རེད། དེ་དུས་སིང་ག་པོར་ལ་རྒྱའི་དགེ་སློང་བགྲེས་པ་ཁ་ཤས་འདུག ངོས་རང་དེ་དུས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གོ་བ་ཐོག་མ་ཡིན། ཁོ་ཚོས་རྒྱ་སྐད་ཐོག་ཤེས་རབ་སྙིང་པོ་གསུངས་དུས་སེམས་ཧ་ཅང་སྐྱོ་པོ་བྱུང་། སྐད་དེའི་ཐོག་ནས་སངས་རྒྱས་པའི་ཆོས་ཀྱི་རྗེས་སུ་ཞུགས་ཏེ་ཤེས་རབ་སྙིང་པོ་འདོན་མཁན་ག་ཚོད་ཡོད་དམ་བསམས། བར་སྐབས་འགྱུར་བ་ཆེན་པོ་བྱུང་བ་རེད།
ཕྱི་ལོ་ ༡༩༥༤ དང་ ༡༩༥༥ ལོར་ངོས་རང་རྒྱ་ནག་གི་ཞིང་ཆེན་མང་པོར་སླེབས་པ་རེད། དེ་དུས་ལྷ་ཁང་མང་པོ་མཇལ་རྒྱུ་འདུག་མ་གཏོགས་འདོན་པ་འདོན་མཁན་གཅིག་ཀྱང་མ་བྱུང་། གང་ལྟར་ཡུལ་གྲུ་དེ་དག་ཏུ་སོ་སོའི་ཕ་མེས་ཀྱི་ཆོས་དེ་དཀའ་ངལ་ལ་མ་འཛེམས་པར་མུ་ མཐུད་ནས་བཟུང་བསྡད་པ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་རྗེས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོགས་ཞལ་འདོན་གསུངས་པ་དང་།
དེ་རྗེས་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང་། སློབ་དཔོན་ཀཱ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་པར་བའི་གསུང་ཆོས་འཕྲོ་སྐྱོང་གིས་ ཆུ་ཚོད་ ༣།༠༠ ཙམ་ལ་མཇུག་ལེགས་པར་གྲུབ་བཀའ་སློབ་སྩལ་དོན།
དུས་འཁོར་དབང་ཆེན་གྱི་སྔོན་འགྲོར་སྒོམ་རིམ་བར་པ་དང་སྤྱོད་འཇུག་ཞུ་རྒྱུ་དེ་གྲུབ་ཟིན་པ་རེད། དཔེ་ཆ་དཔར་བརྒྱབ་ནས་ཁྱོད་རང་ཚོའི་ལག་པར་གཅིག་ཡོད་པ་དང་། དཔེ་ཆ་མ་རག་པ་ཚོས་ཐབས་ཤེས་བྱས་ཏེ་ལག་པ་འཆང་ཐུབ་པ་ཞིག་བྱེད་དགོས། ཆོས་ཚན་དེ་འདྲ་བཀླག་སྡོད་རྒྱུ་མ་གཞི་ཡག་པོ་ཡོད་ཀྱང་། གཞུང་འདི་ཚོ་བཀླག་ནས་བསམ་བློ་བཏང་བ་ཡིན་ན་ཧ་ཅང་རླབས་ཆེ་ཡི་རེད། དེ་ལྟ་བུའི་བསམ་བློ་གཏོང་རྒྱུ་ཡོད་པའི་ཐོག་ནས་ལྷ་ཡི་གཟུངས་སྔགས་དང་མ་ཎི་བགྲང་བ་ཡིན་ན་ཡག་པོ་ཡོང་གི་རེད། དེ་མ་གཏོགས་བསམ་བློ་གཏོང་རྒྱུ་མེད་པར་ལས་ཀར་འཁོད་པ་ལྟ་བུ་བྱས་པ་ཡིན་ན་དེ་ ལྟ་བུའི་རླབས་ཆེན་པོ་ཡོད་པ་མ་རེད།
མ་གཞི་གཟུངས་སྔགས་བགྲངས་པ་ཙམ་གྱི་ཕན་ཡོན་གསུངས་ཡོད་ཀྱང་། གཙོ་བོ་སེམས་ཀྱིས་ཆོས་བྱེད་དགོས་པ་ཞིག་རེད། མུ་སྟེགས་པས་རིག་བྱེད་ཀྱི་སྒྲ་ལ་བརྩི་བ་ལྟར་ང་ཚོས་སྔགས་བགྲངས་རྒྱུ་གཅིག་ པུར་བལྟས་པ་ཡིན་ཚེ་དེ་ཙམ་གྱིས་དགོས་པ་ཆེན་པོ་ཡོད་པ་མ་རེད། དེར་བརྟེན་དུས་འཁོར་དབང་ཆེན་གྱི་སྔོན་འགྲོ་ལ་ནང་ཆོས་ངོ་སྤྲོད་ཀྱི་ཚུལ་དུ་གཞུང་འདི་གཉིས་བཤད་པའི་དོན་དེ་ལྟར་ཡིན། གཙོ་བོ་ཁྱོད་རང་ཚོར་བཤད་ལུང་གི་རྒྱུན་ཐོབ་ཡོད་པ་རེད། བཤད་ལུང་འདོན་མཁན་གྱིས་ཀྱང་གཞུང་འདི་ལས་སྤྱོད་འཇུག་ལ་ཡང་ཡང་བལྟས་ཡང་ཡང་བསམ་བློ་བཏང་ནས་འགྲོ་བཞིན་ཡོད། སྤྱོད་འཇུག་གི་ཤོ་ལོ་ཀ་མང་པོ་ཞིག་ཉིན་རེ་བཞིན་ཁ་བཏོན་བྱས་ཏེ་དྲན་གསོ་གཏོང་བཞིན་ཡོད་པས་ཧ་ཅང་ཕན་གྱི་འདུག ཁྱོད་རང་ཚོས་ཀྱང་དེ་བཞིན་སྤྱོད་འཇུག་གི་གཞུང་དེ་རྒྱུན་འདོན་གྱི་ཚུལ་དུ་བཞག་ནས་ལྟ་ཐུབ་པ་ཞིག་བྱོས།
སང་ཉིན་ནས་དུས་འཁོར་མཆོད་གར་དང་། གནངས་ཉིན་དུས་འཁོར་དབང་ཆེན་གྱི་སྟ་གོན་དང་དངོས་གཞི་དཀྱིལ་འཁོར་ལ་ཞུགས་པའི་སྐོར་ཉིན་གཅིག་དང་། དེ་ནས་དབང་གོང་མ་གོང་ཆེན་དང་། རྡོ་རྗེ་སློབ་དཔོན་གྱི་བདག་པོ་ཆེན་པོའི་དབང་བཅས་གོ་རིམ་བཞིན་བྱ་རྒྱུ་རེད།ཅེས་སོགས་ཀྱི་བཀའ་སློབ་སྩལ། །