མདུན་ཤོག » གསར་གནས། »

སྲིད་སྐྱོང་མཆོག་གིས་འབྲུག་དང་བལ་ཡུལ་ནས་བཅར་བའི་བོད་མི་ཆོས་ཞུ་བ་ཚོར་གསུང་བཤད་གནང་བ།

༢༠༡༧ ཟླ་ ༡ ཚེས་ ༡༡ རེས་གཟའ་ལྷག་པ།

kal_2772༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།    ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་རའི་ནང་། དུས་འཁོར་དབང་ཆེན་དུ་བཅར་བའི་འབྲུག་དང་བལ་ཡུལ་ཁུལ་གནས་སྡོད་བོད་མི་རྣམས་ཀྱིས་འབོད་སྐུལ་ཞུས་པ་ལྟར། དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་གི་སྔོན་འགྲོའི་སློབ་མ་སྟ་གོན་གྲུབ་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་ཡོད།

སྐབས་དེར་ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག དེ་བཞིན་བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་བཅས་ལྷན་ཞུགས་ཀྱིས་ཐོག་མར་བཀའ་དྲུང་ནས་ངོ་སྤྲོད་གསུང་བཤད་གནང་གྲུབ་བསྟུན། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་བཀའ་ཤག་གི་ཚབ་ཞུས་ཏེ་བོད་མི་དེ་དག་ལ་འཚམས་འདྲི་གནང་བ་དང་སྦྲགས་གསུང་དོན།

kal_2787ད་བར་ཆབ་སྲིད་ཀྱི་གནས་སྟངས་འོག་ང་བལ་ཡུལ་དང་འབྲུག་ནང་སླེབས་ཐུབ་མེད། དེར་བརྟེན་རྣམ་པ་ཚོ་ཁྱུག་ཙམ་ཐུག་ན་ཡག་པོ་འདུག་བསམ་བྱུང་།   ཕྱོགས་གཅིག་ནས་གནས་མཆོག་རྡོ་རྗེ་གདན་ནི་ནང་པ་སངས་རྒྱས་པ་ཚོར་གནས་ཧ་ཅང་རྩ་ཆེན་ཞིག་ཆགས་ཡོད་པ་མ་ཟད། གནས་མཆོག་འདིར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་དུས་དབང་ཞུ་རྒྱུ་བྱུང་བ་ནི་ཧ་ཅང་བསྐལ་པ་བཟང་པོ་རེད། དེ་བཞིན་རྣམ་པ་ཚོ་འདིར་བདེ་འབྱོར་བྱུང་ཐུབ་པར་ཧ་ཅང་དགའ་པོ་བྱུང་།   དེར་བརྟེན་གནས་མཆོག་རྩ་ཆེན་འདིར་ང་ཚོས་རང་གི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག་ཅེས་གསོལ་སྨོན་ཞུ་དགོས།

མགོན་པོ་གང་ཉིད་མཆོག་གི་བཀའ་དགོངས་གཞིར་བཟུང་ལག་བསྟར་བྱེད་རྒྱུའི་དམ་བཅའ་དང་། བླ་མ་དང་སློབ་མའི་དབར་དམ་ཚིག་གཙང་མ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས། འཛམ་གླིང་ས་ཕྱོགས་གང་སར་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་ཧ་ཅང་བྱེད་བཞིན་ཡོད་པ་མ་ཟད། དེ་སྔ་དང་མི་འདྲ་བར་དེང་སྐབས་བོད་དོན་སྐོར་ཚགས་ཤོག་སོགས་རྒྱུད་ལམ་ཁག་གི་ནང་གནས་ཚུལ་གང་མང་འཐོན་བཞིན་ཡོད།   ང་དང་ཕྱག་རོགས་བཀའ་བློན་རྣམ་པ་འཛམ་གླིང་ཡུལ་གྲུ་ཁག་མང་པོ་ཞིག་གི་ནང་བཅར་མྱོང་ཡོད།   ཡུལ་གྲུ་གང་དུ་ཕྱིན་ཡང་ཡུལ་གྲུ་དེ་དག་གི་སྲིད་གཞུང་ནང་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི་དཔེར་ན།    བོད་ནང་གསེར་རྟ་བླ་རུང་སྒར་དང་ཡ་ཆེན་སྒར་དུ་ཧ་ཅང་ཛ་དྲག་གི་གནས་སྟངས་ཆགས་ཡོད་པར་བརྟེན།   ཡུ་རོབ་གྲོས་ཚོགས་ནང་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེ་འགྲིག་གི་མེད་པ་དང་། བོད་པ་ཚོར་རྒྱལ་སྤྱིའི་ཁྲིམས་དང་མཐུན་པའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་རེད།  ཅེས་གྲོས་ཆོད་བཞག་ཐུབ་པ་བྱུང་ཡོད།

dsc_0054ཕྱོགས་མཚུངས་ཨ་རིའི་སྲིད་གཞུང་ལྟ་བུར་མཚོན་ན།   ༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་ཐེངས་བཞི་མཇལ་འཕྲད་མཛད་ཡོད་པ་མ་ཟད། ཨ་རིའི་ཕོ་བྲང་དཀར་པོ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་ཡོད་ཅེས་གསར་འགོད་གསལ་བསྒྲགས་ཐེངས་གསུམ་ཙམ་སྤེལ་ཟིན།   དེ་བཞིན་རྒྱལ་ཁབ་གཞན་ཁག་ནས་ཀྱང་དེ་མཚུངས་བོད་དོན་ཐོག་རྒྱབ་སྐྱོར་གནང་དང་གནང་མུས་རེད། ཅེས་ཞུ་འདོད་བྱུང་།

དེ་ནས་འཛིན་སྐྱོང་དང་འབྲེལ་བའི་ཐོག་བཀའ་ཤག་ནས་ལྔ་དང་ལྔ་བཅུའི་སྲིད་བྱུས་འཛིན་བཞིན་ཡོད། ལོ་ལྔའི་ནང་དམིགས་ཡུལ་གཙོ་ཆེ་ཤོས་ནི་དུས་རྟག་ཏུ་ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་བྱ་རྒྱུ་དེ་རེད། དེ་ལྟར་ཡོང་བར་བོད་རྒྱ་ཞི་མོལ་ཡོང་ཐབས་བྱ་རྒྱུ་འདི་ང་ཚོའི་དམིགས་ཡུལ་གཙོ་བོ་རེད། དེ་དང་ལྷན་དུ་ལོ་ངོ་ལྔ་བཅུ་བར་བཙན་བྱོལ་དུ་ལྷག་པ་ཡིན་ན། བོད་མིའི་སྒྲིག་འཛུགས་འདི་གནས་ཐུབ་པ་དང་ནུས་པ་འཕེལ་ཐུབ་པ་སོགས་ཀྱི་ཆེད་འཆར་གཞི་བང་སྒྲིག་ནས་འགྲོ་དགོས་པ་ཆགས་ཡོད།

dsc_0061གང་ཡིན་བརྗོད་ན་བོད་མིའི་སྒྲིག་འཛུགས་ལོ་ ༥༠ རིང་གནས་ཏེ། ནུས་པ་གོང་འཕེལ་ཐུབ་པ་བྱུང་ན། རྒྱ་ནག་ནང་དུ་འགྱུར་བ་ཏན་ཏན་འགྲོ་རྒྱུ་རེད། དེ་ལྟར་བྱུང་ཚེ་བོད་མི་ཚོར་གཞི་རྩའི་རང་དབང་ཐོབ་ངེས་པས། ལོ་ལྔའི་ཐབས་བྱུས་འདི་དབུ་མའི་ལམ་གཞིར་བཞག་ཐོག་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་བྱ་རྒྱུ་དེ་རེད།

ལོ་ལྔའི་ནང་དེ་ལྟར་ཐོབ་ཐུབ་པ་ཡིན་ན། ང་ཚོར་རྒྱལ་ཁ་ཐོབ་པ་རེད། མིང་དོན་མཚུངས་པའི་རང་སྐྱོང་ཐོབ་པ་རེད། ཅེས་བཀའ་ཤག་གི་ལྔ་དང་ལྔ་བཅུའི་སྲིད་བྱུས་སྐོར་ཞིབ་ཕྲ་གསུངས་རྗེས། བཀའ་ཤག་གི་ལྟ་གྲུབ་ཆིག་སྒྲིལ། གསར་གཏོད། རང་ཁ་རང་གསོའི་སྐོར་དང། བོད་མི་ནང་ཁུལ་ཆིག་སྒྲིལ་དགོས་གལ། བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་ཆེ་རུ་འགྲོ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ལས་དོན་བྱེད་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།

ཚོད་དཔག་བྱས་ན་གསུང་བཤད་ལས་རིམ་དེའི་ཐོག་འབྲུག་དང་བལ་ཡུལ་གཉིས་ནས་བོད་མི་སྟོང་ཚོ་ཁ་ཤས་ཕེབས་འདུག་པ་བཅས།།

Share with your friends










Submit