མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་དང་རྒྱ་གར་གཞུང་མང་། དེ་བཞིན་བྷི་ཧཱར་མངའ་སྡེའི་གཞུང་ལ་ཐུགས་རྗེ་ཆེ་ཞུས་པ།

Share with your friends










Submit

༢༠༡༧ ཟླ་ ༡ ཚེས་ ༧ རེས་གཟའ་སྤེན་པ།

unnamed༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དུས་འཁོར་དབང་ཆེན་དུ་བཅར་བའི་ཆོས་ཞུ་བ་ཡོངས་ལ་ཕྱི་ལོ་གསར་པའི་འཚམས་འདྲི་ཞུས་པ་དང་སྦྲགས་གསུང་དོན། དེ་རིང་ང་ཚོ་འདིར་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་ཞུས་པའི་དུས་འཁོར་དབང་ཆེན་ཐེངས་ ༣༤ ཐོག་བཅར་རྒྱུའི་བསྐལ་བཟང་གི་གོ་སྐབས་ཤིག་ཐོབ་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་ཤག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་པ་ནི་ཧ་ལས་པའི་བསོད་ནམས་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད། ཆོས་ཞུ་བ་ཚོར་འགྲུལ་བཞུད་སྐབས་དང་ཉེ་ལམ་རྒྱ་གར་གཞུང་གི་དངུལ་ལོར་བརྗེ་སྒྱུར་གྱི་ཁྲིམས་སྒྲིག་གསར་པ་གཏན་འབེབས་གནང་བར་བརྟེན་དཀའ་ངལ་ཏན་ཏན་འཕྲད་ཡོད་ཀྱང་ཚང་མ་འདིར་བདེ་འབྱོར་བྱུང་ཐུབ་པ་དེར་ཧ་ཅང་དགའ་པོ་བྱུང་།

 

unnam%e0%bd%a7ed

བོད་མིའི་སྒྲིག་འཛུགས་ངོས་ནས་དུས་དབང་གོ་སྒྲིག་ཆེད་ཆུ་དང་གློག འཕྲོད་བསྟེན། དབུ་གུར་སོགས་གང་ཅིའི་ཐད་ནས་མཐུན་འགྱུར་གང་ཐུབ་ཞུས་ཡོད། ཐེངས་འདིའི་དུས་འཁོར་དབང་ཆེན་ནི་ནམ་རྒྱུན་དང་མི་འདྲ་བར་བོད་མིའི་སྒྲིག་འཛུགས་ངོས་ནས་གཏོང་ཕོད་ཆེན་པོའི་ཐོག་ཉམ་ཐག་ཁོངས་དང་རྒས་གསོ་ཁང་དུ་ཡོད་པའི་རྒན་རྒོན་དུས་དབང་ཞུ་རུ་བཅར་འདོད་ཡོད་པ་རྣམས་ལ་དུས་དབང་ཞུ་རྒྱུའི་མཐུན་འགྱུར་སྦྱར་ཡོད། བོད་མིའི་སྒྲིག་འཛུགས་ངོས་ནས་གང་ཅིའི་ཐད་མཐུན་འགྱུར་སྦྱར་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། ང་ཚོའི་ངོས་ནས་ནུས་པས་མ་འདང་བ་དང་མ་ལྕོགས་པ་བྱུང་ཡོད་ཚེ་བཀའ་ཤག་གི་ཚབ་ཞུས་ཏེ་དགོངས་སེལ་ཞུ་རྒྱུ་ཡིན།

ད་རེས་ཕྱོགས་གང་ཅིའི་གྲ་སྒྲིག་སོགས་ཀྱི་ཐོག་ཡག་པོ་འགྲོ་བཞིན་ཡོད་པའི་རྣམ་པ་འདུག་པ་མ་ཟད། གནམ་གཤིས་ཀྱང་ཧ་ཅང་ཡག་པོ་སྟོན་བཞིན་འདུག དེ་དག་ཚང་མ་༸གོང་ས་མཆོག་གི་༸སྐུའི་དབང་ཐང་དང་བྱིན་རླབས་ལ་བརྟེན་ནས་བྱུང་བ་ཞིག་རེད། དེར་བརྟེན་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན།

ཐེངས་འདིའི་དུས་དབང་ཐོག་རྒྱལ་ཁབ་ཁག་ ༩༠ ནས་ཆོས་ཞུ་བ་འབུམ་གཉིས་མ་ཟིན་ཙམ་འབྱོར་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད། ད་ལྟའི་ཆར་གསུང་ཆོས་ར་བ་ཨ་མའི་ནང་ཆོས་ཞུ་བས་ཁེངས་ཡོད་སྟབས།  ཟུར་དུ་གསུང་ར་ཆུང་བ་གཉིས་བཙུགས་ཡོད་པ་དེ་གཉིས་ཀྱང་ཆ་ཚང་ཁེངས་ཏེ། ཆོས་རའི་ཕྱིར་ཡོད་པའི་རྒྱ་ལམ་གཡས་གཡོན་དུ་ཆོས་ཞུ་མཁན་ཡང་མང་དག་མཐོང་རྒྱུ་འདུག

དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་བརྒྱུད་ས་གནས་འགོ་འཛིན་རྣམ་པས་འགན་ཁུར་འོག    གཞིས་ཆགས་ཁག་བཅོ་ལྔའི་ནང་བརྙན་འཕྲིན་བརྒྱུད་དུས་འཁོར་དབང་ཆེན་ཞུ་ཐུབ་བཞིན་ཡོད། གཞིས་ཆགས་ཁག་ནས་རྡོ་རྗེ་གདན་དུ་ཕེབས་མ་ཐུབ་ཀྱང་བརྙན་འཕྲིན་བརྒྱུད་ནས་དུས་འཁོར་དབང་ཆེན་ཞུ་ཐུབ་པར་འཚམས་འདྲི་ཞུ་རྒྱུ་ཡིན།   བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་དུས་འཁོར་དབང་ཆེན་ཐད་ཀར་རྒྱང་སྲིང་ཞུས་པ་དེ་གཟིགས་མཁན་མི་འབུམ་གཅིག་དང་ཕྱེད་ཀ་བརྒལ་བཞིན་འདུག དེར་བརྟེན་བོད་མི་གཙོ་བོར་གྱུར་བའི་དད་ལྡན་ཆོས་ཞུ་བ་ཚོ་ས་ཕྱོགས་གང་དུ་བཞུགས་ཡོད་ཀྱང་དུས་འཁོར་དབང་ཆེན་ཞུ་འདོད་ཡོད་ན་ཞུ་ཐུབ་པའི་བཟོ་ལྟ་བུ་འདུག

unnameddཐེངས་འདིའི་དུས་འཁོར་དབང་ཆེན་ཐོག་བོད་ནས་ཆོས་ཞུ་བ་དེ་ཙམ་ཕེབས་ཐུབ་མེད་ཀྱང་། ཉེ་ཆར་༸གོང་ས་མཆོག་གིས། བོད་ནང་གི་བོད་མི་ཚོས་སྨོན་ལམ་བརྒྱབ་ཚེ་དུས་འཁོར་དབང་ཆེན་གྱི་བྱིན་རླབས་ཐོབ་ཐུབ་ཀྱི་ཡོད་ཅེས་བཀའ་སློབ་བཀའ་དྲིན་སྩལ་ཡོད། འདི་ནི་ཧ་ཅང་བསྐལ་བ་བཟང་པོ་རེད། དེར་བརྟེན་བོད་ནང་གི་བོད་མི་ཚོར་ཡང་བཀའ་ཤག་གི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན།

བོད་མིའི་སྒྲིག་འཛུགས་ངོས་ནས་དུས་དབང་གོ་སྒྲིག་ཞུ་དགོས་དོན་ནི་འཛམ་གླིང་སྤྱི་ཡོངས་ནང་ཞི་བདེ་ཡོང་ཆེད་དང་། གཙོ་ཆེ་བོད་བསྟན་པ་ཆབ་སྲིད་ཀྱི་སྤྱི་པའི་བསོད་ནམས་གསོག་ཆེད་ཡིན། དེར་བརྟེན་སྤྱི་པའི་བསོད་ནམས་གོང་འཕེལ་ཡོང་ཐབས་སུ་ང་ཚོ་ཚང་མས་ཐུགས་སྨོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

༸གོང་ས་མཆོག་གིས།  ངོས་ལ་ལག་རྟགས་ཡག་ཤོས་དེ་སེམས་པ་བཟང་པོ་བྱ་རྒྱུ་དེ་ཡིན།   ཞེས་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་སྩལ་བ་དེ་དག་དངོས་སུ་ལག་བསྟར་ཐུབ་ཚེ་ཁོང་ལ་གསོལ་རས་ཡག་ཤོས་དེ་ཡིན་ཞེས་བཀའ་སློབ་ཕེབས་བཞིན་ཡོད་སྟབས། ང་ཚོས་དུས་རྟག་ཏུ་ཁོང་གི་བཀའ་དགོངས་གཞིར་བཟུང་ཕེབས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དེ་བཞིན་མང་ཚོགས་ནས་༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་རྒྱུར་ཐུགས་སྨོན་གནང་རོགས་ཞེས་བཀའ་ཤག་ནས་འབོད་སྐུལ་ཞུ་རྒྱུ་ཡིན།

༸གོང་ས་མཆོག་སྐུ་ཁམས་དྭངས་གསལ་ཡིན་པ་ཚང་མས་གཟིགས་ཐུབ། ཉེ་ཆར་རྡ་སར་པདྨ་བཀོད་པ་དང་འཕན་པོས་བརྟན་བཞུགས་སྐབས་མགོན་པོ་གང་ཉིད་མཆོག་དགུང་གྲངས་བརྒྱ་ལྷག་བཞུགས་རྒྱུའི་བསྐལ་བཟང་གི་ཞལ་བཞེས་ཐོབ་པར་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་།

དེང་སྐབས་རྒྱལ་ཁབ་ཁག་སོ་སོའི་ནང་དབུ་ཁྲིད་དང་རྒྱལ་པོ་སོགས་དགའ་མོས་ཆེ་ཤོས་སུ་ཡིན་མིན་གྱི་བསམ་ཤོག་བསྡུ་ལེན་བྱེད་སྲོལ་ཡོད་སྟབས།  མང་ཚོགས་རྣམས་ཀྱིས་རང་གི་སྲིད་འཛིན་དང་རྒྱལ་པོ་ལས་༸གོང་ས་མཆོག་ལ་དགའ་མོས་ཆེ་བ་ཞུ་བཞིན་ཡོད་པ་ཡོངས་གྲགས་ཡིན།  དེར་བརྟེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་ས་ཡ་དྲུག་ཙམ་མ་ཟད་འཛམ་གླིང་གི་མི་མང་ས་ཡ་མང་པོས་དགའ་མོས་ཧ་ཅང་ཞུ་ཡུལ་ཞིག་ཏུ་གྱུར་ཡོད། དེ་ནི་ང་ཚོ་བོད་མི་ཚོར་མཚོན་ན་ཧ་ཅང་བསྐལ་པ་བཟང་པོ་རེད། ཅེས་དང་།

ཡང་སྲིད་སྐྱོང་མཆོག་གིས་རྒྱ་གར་གཞུང་མང་སྤྱི་དང་། ལྷག་པར་བྷི་ཧཱར་མངའ་སྡེ་གཞུང་ལ་དུས་དབང་སྐབས་མཐུན་འགྱུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གསུང་དོན། རྒྱ་གར་གཞུང་མང་གཉིས་ཀྱི་དུས་རྒྱུན་དུ་མཐུན་འགྱུར་གནང་བར་སྙིང་ཁུང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ལྷག་པར་བྷི་ཧཱར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནི་ཏི་ཤི་ཀུ་མཱར་མཆོག་ཆེད་མངགས་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ནས་གོ་སྒྲིག་ལས་དོན་གང་འདྲ་འགྲོ་མིན་ཐད་གཟིགས་ཞིབ་གནང་ཡོད། དེ་བཞིན་གྷ་ཡ་རྫོང་དཔོན་སོགས་ཀྱིས་༸རྒྱལ་བའི་སྐུ་ཕྱྭའི་སྲུང་སྐྱོབ་ཐོག་མཐུན་འགྱུར་ཧ་ཅང་ཡག་པོ་གནང་འདུག་པས་ཁོང་ཚོར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་དུས་འཁོར་དབང་ཆེན་གྱི་ཡོན་བདག་རྣམ་པས་སྦྱིན་བདག་བྱེད་རྒྱུ་བྱུང་བ་ནི་ཧ་ཅང་བསྐལ་པ་བཟང་པོ་ཞིག་རེད། དེ་བཞིན་དུས་འཁོར་དབང་ཆེན་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་། དང་བླངས་སྤྱི་ཚོགས་ཞབས་ཞུ་བ་ཚོས་དམིགས་བསལ་འགན་ཁུར་བླངས་ནས་སྐུ་ལས་སྐྱོན་བཞིན་པར་བསྔགས་བརྗོད་དང་སྦྲགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   ཞེས་གསུངས།

མཐར་སྲིད་སྐྱོང་མཆོག་གིས་ཐེངས་འདིར་གནས་མཆོག་རྡོ་རྗེ་གདན་དུ་མང་ཚོགས་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པར་བརྟེན་མི་མང་ཚོས་སྤྱང་གྲུང་དང་འགན་ཁུར་བཞེས་པའི་ཐོག་མེ་སྐྱོན་སོགས་མི་ཡོང་བར་ཡིད་གཟབ་དགོས་པའི་འབོད་སྐུལ་ཡང་ཞུས་སོང་བ་བཅས།།

Share with your friends










Submit